ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲའི་ཚོགས་སྒྲིལ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལས་རིགས་འདིས་དོ་ཁུར་ཆེན་པོ་བྱེད་པའི་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཚོགས་པ་ཚད་ཡོད་ཀུང་སི་དེ་རིང་པེ་ཅིང་དུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། རྒྱལ་ཁབ་མདོང་དྲ་ཀུང་སིས“རྒྱལ་ཡོངས་ཀྱི་དྲ་བ་གཅིག”བསྐྲུན་ནས་སྣུམ་རླངས་སྐྱེལ་འདྲེན་གྱི་མདོང་ལམ་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་ཡག་པོ་དང་སྣུམ་རླངས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱིས་སྣུམ་རླངས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་རེད།

རྒྱལ་ཁབ་མདོང་དྲ་ཀུང་སི་ནི་རྒྱལ་ཡོངས་ཀྱི་སྣུམ་རླངས་མ་ལམ་གྱི་མདོང་ལམ་དང་། རླངས་གསོག་སྙོམས་སྒྲིག་མ་ལག་ཁག་གི་དངུལ་གཏོང་འཛུགས་སྐྲུན་བྱེད་པ་དང་། མདོང་ལམ་ཕན་ཚུན་སྦྲེལ་མཐུད་དང་སྤྱི་ཚོགས་ཀྱི་མདོང་ལམ་དང་འབྲེལ་བ་བཙུགས་ནས“རྒྱལ་ཡོངས་ཀྱི་དྲ་བ་གཅིག”ཆགས་པར་བྱེད་པ། མ་བཅོས་རྡོ་སྣུམ་དང་། བཅོས་སྣུམ། རང་བྱུང་སོལ་རླངས་ཀྱི་མདོང་ལམ་སྐྱེལ་འདྲེན། སྣུམ་རླངས་གཙོ་ཐིག་དྲ་བའི་འཁོར་སྐྱོད་སྙོམ་སྒྲིག་བྱེད་པར་འགན་ཁུར་ནས་སྤྱི་ཚོགས་ལ་དུས་ལྟར་རླངས་འདྲེན་དང་རླངས་གསོག་གི་གནས་ཚུལ་སྤེལ་ནས། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་འཚམ་པའི་དུད་ཁྱིམ་ལ་འདྲ་མཉམ་སྤྱི་བསྒྲགས་སྒོས་མཁོ་འདོན་བྱེད་རྒྱུ་དེ་ཡིན།

ཁེར་རྐྱང་གཉེར་སྐྱོང་གི་རྒྱལ་ཁབ་མདོང་དྲ་ཀུང་སི་བཙུགས་ནས་སྟོད་རྒྱུད་ཀྱི་སྣུམ་རླངས་ཐོན་ཁུངས་ཀྱི་རྣམ་པ་མང་པོ་དང་ཐབས་ལམ་མང་པོའི་ཐོག་ནས་མཁོ་འདོན་བྱེད་པ་དང་། བར་རྒྱུད་ཀྱི་གཅིག་གྱུར་ནུས་ཆེའི་གཅིག་སྡུད་སྐྱེལ་འདྲེན། སྨད་རྒྱུད་ཕྱིར་ཚོང་ཁྲོམ་ར་བཅས་ཀྱིས་འགྲན་རྩོད་གང་ལེགས་བྱེད་པའི“X+1+X”ཡི་སྣུམ་རླངས་ཁྲོམ་རའི་མ་ལག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།