ཞི་ཅིན་ཕིང་གིས་དམག་དཔུང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་འདུ་ཤེས་བཅངས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དམག་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དང་སྔོན་ཐོན་ལས་བྱེད་པའི་ངལ་གསོ་ཁང་དང་། སྔོན་ཐོན་ལས་འཁྱུར་ངལ་གསོ་བྱེད་མཁན། སྔོན་ཐོན་ལས་བྱེད་པ་རྒན་གྲས་བཅས་ཀྱི་ལས་དོན་པར་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས9ཉིན་པེ་ཅིང་དུ་འཚོགས་པ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དམག་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་ཞུས། དམག་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པས་ཏང་གིས་འགོ་ཁྲིད་གནང་བའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པས་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་གཟི་བརྗིད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཅིངས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། རིམ་པ་ཁག་ཏང་ཨུད་དང་། ལས་ཁུངས། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་བཅས་ཀྱི་ལས་དོན་པ་ཚོས་རང་རེའི་ཏང་དང་རང་དམག་གི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་དར་སྤེལ་གཏོང་བའི་མཐོ་ཚད་ནས་རྒན་བཀུར་རྒན་གཅེས་དང་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུས་ཏེ་དམག་དཔུང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་དར་རྒྱས་གཏོང་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།