རང་རྒྱལ་གྱིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གཉིས་ཀྱིས《ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུས་ཡོད)དཔར་འགྲེམ་བྱས་ཏེ།ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་རྒྱུ་གསལ་བོར་བསྟན་ཡོད་ལ།བཅའ་ཁྲིམས་དང་སྲིད་འཛིན།དཔལ་འབྱོར།ལག་རྩལ།སྤྱི་ཚོགས་བཅོས་སྐྱོང་སོགས་ཕྱོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་བཀོལ་ནས་སྲུང་སྐྱོབ་བྱས་ཏེ།སྲུང་སྐྱོབ་ཀྱི་ནུས་པ་དང་ཆུ་ཚད་སྤྱི་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

《བསམ་འཆར》ནང་བསྟན་དོན།2022ལོའི་བར།དབང་ཆར་གནོད་འཚེ་གཏོང་བའི་གནས་ཚུལ་འབྱུང་སླ་བ་དང་འབྱུང་མང་བའི་གནས་ཚུལ་ཧུར་ཐག་གིས་ཚོད་འཛིན་བྱེད་རྒྱུ་དང་།དབང་ཆ་ཡོད་མཁན་གྱིས་དབང་ཆ་སྲུང་སྐབས“དཔང་རྟགས་འཚོལ་དཀའ་བ་དང་དུས་ཡུན་རིང་བ།མ་རྩ་མཐོ་བ།སྐྱིན་ཚབ་ཉུང་བ”སོགས་ཀྱི་རྣམ་པ་མངོན་གསལ་གྱིས་ལེགས་སྒྱུར་བྱེད་རྒྱུ་རེད།2025ལོའི་བར།ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་ཚད་སྤྱི་ཚོགས་ཡོངས་ཡིད་ཚིམས་དུ་འཇུག་རྒྱུ་ཡིན་པར་མ་ཟད།ཆུ་ཚད་ཅུང་མཐོན་པོ་རུ་སླེབས་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་།སྲུང་སྐྱོབ་ནུས་པ་ནུས་ལྡན་གྱིས་མཐོར་འདེགས་གཏོང་བ།སྲུང་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དང་།ཤེས་བྱའི་རིན་ཐང་ལ་བརྩི་འཇོག་བྱེད་པའི་གཉེར་འཚོང་ཁོར་ཡུག་སྔར་ལས་ལེགས་སྒྱུར་བཅས་བྱས་ཏེ།ཤེས་བྱའི་བདག་དབང་ལམ་ལུགས་ལ་སྐུལ་སློང་དང་གསར་སྐྲུན་བྱེད་པའི་གཞི་རྩའི་འགན་སྲུང་ནུས་པ་སྔར་བས་ནུས་ལྡན་སྒོས་འདོན་སྤེལ་བྱེད་རྒྱུ་རེད།

《བསམ་འཆར》ནང་བླང་བྱ་འདོན་རྒྱུར།དབང་ཆར་གནོད་འཚེ་གཏོང་བ་དང་རྫུན་མ་བཟོ་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ཇེ་ཆེར་གཏོང་བ་དང་།དཔང་རྟགས་ཀྱི་ཚད་གཞི་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བ།གྱོད་དོན་ལག་བསྟར་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ།ལས་རྣམ་གསར་པའི་ཁྱབ་ཁོངས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་དང་།ཆེད་ཁེ་དང་རྩོམ་གྱི་བདག་དབང་སོགས་ཀྱི་ཁྱབ་ཁོངས་སུ་དབང་ཆར་གནོད་འཚེ་གཏོང་བར་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་འཇལ་བའི་ལམ་ལུགས་མྱུར་དུ་འདོན་པ་དང་།ཚོང་ལས་གསང་གྲངས་སམ་གསང་དགོས་པའི་ཚོང་དོན་ཆ་འཕྲིན་དང་།དེའི་ཚབ་རྟགས་སོགས་སྲུང་སྐྱོབ་ནུས་ལྡན་བྱེད་པའི་ཚད་ཇེ་དྲག་ཏུ་གཏོང་བ།ཉེས་དོན་ལ་རྡུང་རྡེག་གཏོང་བའི་ཚད་ཇེ་ཆེར་གཏོང་བ་དང་།ཤེས་བྱའི་བདག་དབང་གི་དབང་འཕྲོག་ཉེས་བསགས་ཉེས་ཁོངས་སུ་འཇོག་པའི་ཚད་གཞི་ཇེ་དམའ་རུ་གཏོང་བར་ཞིབ་འཇུག་བྱས་ཏེ།ཉེས་དོན་ཆད་པ་གཅོད་པའི་ཚད་མཐོར་འདེགས་སུ་གཏོང་དགོས།སྨན་རྫས་ཆེད་དོན་གྱི་འབྲེལ་མཐུད་ལམ་ལུགས་དང་།སྨན་རྫས་ཆེད་དོན་གྱི་དུས་ཡུན་ཁ་གསབ་ལམ་ལུགས་འཛུགས་པ་དང་འཚོལ་ཞིབ་བྱེད་དགོས་ལ།གློག་རྡུལ་ཚོང་དོན་གྱི་སྟེགས་བུ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཚད་གཞི་སོགས་བཟོ་དགོས།

《བསམ་འཆར》ནང་ད་རུང་།ཁྲིམས་སྐྱོང་ལྟ་སྐུལ་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་།སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་འཛུགས་པ།ཆེད་ལས་ལག་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་བྱེད་དགོས་ལ།དབང་ཆ་མངག་བཅོལ་དང་དབང་ཆ་གཏན་འཁེལ།དབང་ཆ་སྲུང་སྐྱོང་བཅས་ཀྱི་འབྲེལ་མཐུད་གོ་རིམ་ལེགས་སྒྱུར་དང་།སྡེ་ཚན་བརྒལ་ཞིང་ས་ཁོངས་བརྒལ་བའི་གྱོད་སྒྲུབ་གྲོས་མོལ་སོགས་ཀྱི་ལས་ཁུངས་འཛུགས་པར་ཤུགས་སྣོན་དགོས།རྒྱལ་སྤྱིའི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས།རྒྱལ་ཁབ་ཕྱི་ནང་གི་དབང་ཆ་ཡོད་པའི་མི་ལ་བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་སྒྲིག་སྲོལ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

《བསམ་འཆར》ནང་གསལ་བོར་བསྟན་ཡོད་པ་སྟེ།ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་ཐད་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་དགོས་པ་དང་།ཆ་རྐྱེན་འཛོམས་པའི་ས་ཆར་སྔོན་ལ་ཚོད་ལྟ་བྱེད་དགོས་པའི་སྐུལ་ལྕག་བཏང་ནས།སྔ་མོ་ནས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་ཚོད་ལྟའི་དཔེ་སྟོན་ཁུལ་འཛུགས་དགོས་པ་དང་།ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་གྲུབ་འབྲས་དེ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་གྲུབ་འབྲས་དཔྱད་ཞིབ་དང་གཉེར་ཚོང་ཁོར་ཡུག་ལ་གདེང་འཇོག་བྱེད་པའི་མ་ལག་ཏུ་བཞག་ནས།བྱ་བ་སྣ་ཚོགས་ཀྱི་བླང་བྱ་དངོས་འབེབས་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།