ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་འཛིན་དཔང་དབྱེ་ཕྲལ་བཅོས་བསྒྱུར་ཡོངས་ཁེབས་ཚོད་ལྟ་བྱ་བའི་གསོ་སྦྱོང་གི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛིན་དཔང་དབྱེ་ཕྲལ་བཅོས་བསྒྱུར་ཡོངས་ཁེབས་ཚོད་ལྟའི་བྱ་བའི་གསོ་སྦྱོང་གི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། འཛིན་དཔང་དབྱེ་ཕྲལ་བཅོས་བསྒྱུར་སྤེལ་བ་ནི། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཡིན། བཅོས་བསྒྱུར་བྱེད་ཐབས་སུ་བྱས་ནས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་འཛིན་མཆན་འགོད་ལས་རིམ་གྱི་ཚད་མཐའ་མཐིལ་རྟོགས་བྱེད་པ། གནད་དོན་ཐག་གཅོད་པའི་ཁྲོད་བཅོས་བསྒྱུར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་ནས། ཚོང་རའི་གཙོ་གཞི་ཐད་ནས་ཐོབ་ཚོར་སྔར་ལས་ཆེན་པོ་ཡོད་པར་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོན་པོས་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་འཛིན་དཔང་དབྱེ་ཕྲལ་བཅོས་བསྒྱུར་ཡོངས་ཁེབས་ཚོད་ལྟ་སྤེལ་ནས། བཅོས་བསྒྱུར་བྱ་བའི་གྲུབ་འབྲས་མཐོར་འདེགས་གཏོང་དགོས། ཡོངས་སུ་ཁེབས་པར་བྱེད་པའི་ཐད་ཀྱི་གཞི་རྩའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། གསལ་ཕྲའི་དོ་དམ་ལམ་ལུགས་འཛུགས་པ། ཁེ་ལས་དང་འབྲེལ་བའི་ཚོང་གཉེར་མཆན་འགོད་བྱ་བ་ཡོངས་རྫོགས་གསལ་ཕྲའི་དོ་དམ་ཁྲོད་འཇོག་པ། བཅོས་བསྒྱུར་གྱི་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ་དང་བཅོས་བསྒྱུར་གསལ་སྒྲོག་བྱེད་ཚད་ཆེ་རུ་བཏང་སྟེ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། སྒོ་བཞི་རུ་བསྐྱོད་པའི་བྱེད་ཐབས་ལ་རྒྱུས་ལོན་བྱེད་པ་དང་། མཆན་འགོད་ཐད་ཀར་མེད་པར་བཟོ་བ་དང་མཆན་འགོད་ཐོ་འགོད་དུ་བསྒྱུར་བ། གསལ་སྒྲོག་དང་ཁས་ལེན་ལག་བསྟར་བྱེད་པ། མཆན་འགོད་ཞབས་ཞུ་ལེགས་བསྒྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་ལྟར། གནས་ཚུལ་དངོས་ལ་གཞིགས་ཏེ། རིགས་བགར་ནས་ལག་བསྟར་བྱེད་པ་དང་བཅོས་བསྒྱུར་བརྟན་བརླིང་ངང་སྤེལ་དགོས། བྱ་བ་བསྒྲུབ་པའི་སྐབས་དང་བྱ་བ་སྒྲུབ་རྗེས་ཀྱི་ལྟ་སྐུལ་ ཐད་ཀྱི་ཚད་མཐའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པ། བཀག་སྡོམ་མིང་ཐོའི་ལམ་ལུགས་ལག་བསྟར་བྱས་ནས། གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཝང་ཡུང་དང་ཞའོ་ཅེ་གཉིས་གྲོས་ཚོགས་ལ་ཞུགས། ཚོང་ར་ལྟ་སྐུལ་ཅུའུ་དང་ཁྲིམས་འཛིན་པུའུ། ཧྲང་ཧེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།