ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་སྦྲེལ་གནང་ནས་ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ཐོན་སྐྱེད་དང་ཤར་གཏོང་མཛད་སྒོར་ཐུན་མོང་ཐོག་བདེན་དཔང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191203094028.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་2ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་སྦྲེལ་གནང་ནས་ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ཐོན་སྐྱེད་དང་ཤར་གཏོང་གི་མཛད་སྒོར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཕེབས་ཡོད་པ་རེད།

ཞི་ཅིན་ཕིང་གིས་བརྙན་ལམ་ནས་སའོ་ཆི་རུ་གནས་བའི་ཕུའུ་ཅིང་དང་ཕན་ཚུན་འཚམས་འདྲི་གནང་བ་རེད།


ཞི་ཅིན་ཕིང་གིས་མདོང་ལམ་ཐོན་སྐྱེད་བྱེད་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་རྒྱ་ཆེའི་འཛུགས་སྐྲུན་པ་རྣམས་ལ་གུས་འདུད་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ནི་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ལ། ཕྱོགས་གཉིས་བར་མཉམ་འདྲེས་གཏིང་ཟབ་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་ཞིག་ཀྱང་ཡིན། 2014ལོར་ཙུང་ཐུང་ཕུའུ་ཅིང་དང་ངེད་གཉིས་ཀྱིས་ཕྱོགས་གཉིས་པོས་རྣམ་གྲངས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་ཡོད། ལོ་5ལྷག་ཙམ་གྱི་རིང་། རྒྱལ་ཁབ་གཉིས་པོའི་འཛུགས་སྐྲུན་ཁྲོད་ཞུགས་མཁན་གྱི་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་དང་། རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་གྲང་འཁྱགས་ཀྱི་དཀའ་ངལ་ཁྱད་སེལ་སྒོས་ཆུ་ཚད་མཐོན་པོ་དང་། སྤུས་ཚད་མཐོན་པོས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཏེ་འཛམ་གླིང་ལ་རྒྱལ་ཁབ་ཆེན་པོའི་ལག་རྩལ་ངོམས་ནས། ཀྲུང་ཨུ་མཉམ་འབྲེལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་མངོན་ཡོད། ཐོན་སྐྱེད་དང་ཤར་གཏོང་ཐུབ་པ་དེ་ནི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་བདེ་འཇགས་ཀྱི་མདོང་ལམ་དང་། ལྗང་མདོག་མདོང་ལམ། འཕེལ་རྒྱས་མདོང་ལམ། མཛའ་གྲོགས་མདོང་ལམ་བཅས་བཏོད་དེ་མདོང་ལམ་འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་པ་བདེ་འཇགས་བློ་བདེ་ཡིན་པའི་འགན་ལེན་བྱས་ཏེ་མདོང་ལམ་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་པས་ཙུང་ཐུང་ཕུའུ་ཅིང་ངེད་གཉིས་ཀྱིས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཨུ་འབྲེལ་བ་སྔར་ལྟར་འཕེལ་རྒྱས་གཏོང་རྒྱུ་དེ་རང་སོ་སོའི་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་གཏན་འཁེལ་བྱས་པ་ཡིན། མིག་སྔར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་དུས་རབས་གསར་པར་སླེབས་ཡོད། ཕྱོགས་གཉིས་པོས་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ལྟ་བུའི་རྣམ་གྲངས་གལ་ཆེན་སྔར་བས་མང་པོ་བསྐྲུན་ཏེ་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་གསུངས་པ་རེད།

ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར་ཨུ་ཀྲུང་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་སྤྱོད་འགོ་ཚུགས་པ་དང་སོལ་རླངས་ཤར་གཏོང་ཐུབ་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། 2014ལོར་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྣམ་གྲངས་དེའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་ནས་བཟུང་། ཕྱོགས་གཉིས་པོའི་ཚོགས་པས་གནམ་གཤིས་ཧ་ཅང་དྲག་པོའི་འོག་ལས་དོན་ཧུར་ཐག་གིས་བསྒྲུབས་ནས་དུས་ཐོག་ཏུ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། མ་འོངས་བའི་ལོ་30ཡི་ནང་ཨུ་རུ་སུས་ཀྲུང་གོའི་ཕྱོགས་ལ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི1མཁོ་འདོན་བྱ་རྒྱུ་ཡིན་པ་དེས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་བཞག་པའི་2024ལོར་ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་ཉོ་འཚོང་ཨ་སྒོར་དུང་ཕྱུར་2000བར་མཐོ་རུ་གཏོང་རྒྱུའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད། ཁོང་གིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཐབ་ཇུས་མཉམ་ལས་རྣམ་གྲངས་དེ་བདེ་བླག་ངང་ལག་བསྟར་ཐུབ་རྒྱུའི་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་དང་ཨུ་རུ་སུའི་འཐུས་མི་སོ་སོས་ཧེ་ཧོ་དང་། ཨ་ཐ་མན་སི་ཁ་ཡ། ཆ་དབྱང་ཅིན་བཅས་མདོང་ལམ་གསུམ་གྱི་ལམ་རྒྱུད་ས་ཚིགས་སུ་གཏམ་བཤད་སྤེལ་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ལ། ཀྲུང་གོ་ཕྱོགས་ལ་རང་བྱུང་སོལ་རླངས་མཁོ་འདོན་དང་ཀྲུང་གོ་ཕྱོགས་ཀྱིས་སོལ་རླངས་སྣེ་ལེན་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ཡོད་པའི་སྙན་སེང་ཞུས། 

ཕུའུ་ཅིང་གིས“སོལ་རླངས་མཁོ་འདོན”གྱི་བཀའ་རྒྱ་བསྒྲགས་པ་དང་ཞི་ཅིན་ཕིང་གིས་“སོལ་རླངས་སྣེ་ལེན”གྱི་བཀའ་རྒྱ་བསྒྲགས།  

ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་བ་རེད།

དབྱང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་དེ་ཨུ་རུ་སུའི་ཤར་རྒྱུད་ཀྱི་ཞི་པོ་ལི་ཡ་ནས་པུའུ་ལ་ཀི་ཝེ་ཧྲིན་སེ་ཁུ་ནས་རང་རྒྱལ་གྱི་ཧེ་ལུང་ཅང་ཞིང་ཆེན་ཧའེ་ཧུ་ནས་ཐོན་ཡོད་པ་རེད། མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་3000ཙམ་ཟིན་པ་དང་། རང་རྒྱལ་གྱི་ས་ཁོངས་ནང་གི་མདོང་ལམ་སྤྱི་ལེ་3371གསར་སྐྲུན་བྱས་ཤིང་། སྔར་གྱི་མདོང་ལམ་སྤྱི་ལེ་1740བཀོལ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།