ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།

འཆར་འགོད་རྩ་གནད་ལས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་དང་པོའི་སྟེང་འབྲི་ཆུའི་ཟུར་གསུམ་གླིང་གི་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་རྒྱལ་ཁབ་འཐབ་ཇུས་སུ་མཐོར་འདེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་པ། འགོ་ཚུགས་ས་སྔར་ལས་མཐོ་བའི་བཅོས་སྒྱུར་ཟབ་སྤེལ་དང་རིམ་པ་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་མཚོ་ཁུག་ཆེན་པོའི་འཛུགས་སྐྲུན་བཅས་དང་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ནས། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བར་སྟོང་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས་ཞེས་ཁྱབ་སྒྲོག་བྱས། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་གསར་སྐྲུན་ནུས་པ་དང་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བ། དཔལ་འབྱོར་གཅིག་སྡུད་ཀྱི་ཚད་དང་ཁུལ་ཁོངས་འབྲེལ་མཐུན་རང་བཞིན་དང་སྲིད་ཇུས་མཐུན་སྦྱོར་ཕན་ནུས་ཇེ་ཆེར་གཏོང་བ་དེ་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་བྱེད་པ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

འབྲི་ཆུའི་ཟུང་གསུམ་གླིང་གི་ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་ཁྱབ་ཁོངས་སུ་ཧྲང་ཧེ་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཨན་ཧོས་ཞིང་ཆེན་བཅས་ཀྱི་ཁུལ་ཁོངས་ཡོངས་འདུས་ཡོད། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་ནི་རང་རྒྱལ་དུ་དཔལ་འབྱོར་འཕེལ་ཚད་མགྱོགས་ཤིང་སྒོ་འབྱེད་ཀྱི་ཚད་མཐོ་བ་དང་གསར་སྐྲུན་ནུས་པ་ཆེ་བའི་ཁུལ་ཁོངས་ནང་གི་གཅིག་ཡིན་པས། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པའི་ཁྲོད་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།