ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་ཨེ་ཙིའི་ནད་འགོག་བཅོས་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་ཐེངས་སོ་གཉིས་པའི་འཛམ་གླིང་གི་ཨེ་ཙིའི་ཉིན་མོ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཉེ་སྔོན་ཨེ་ཙིའི་ནད་འགོག་བཅོས་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། མཛུབ་སྟོན་ལས་བསྟན་དོན། ཨེ་ཙིའི་ནད་འགོག་བཅོས་བྱེད་པའི་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འོས་འགན་གལ་ཆེན་ཞིག་ཡིན། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་རང་རྒྱལ་གྱི་ཨེ་ཙིའི་ནད་འགོག་བཅོས་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། དེ་དང་མཉམ་དུ་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་གནས་ཚུལ་གསར་བ་ལའང་འཕྲད་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་འགོ་རྩོམ་ས་བྱས་ནས། མུ་མཐུད་དུ་ནང་རྐྱེན་དང་བྱེད་ཐབས་གསར་སྐྲུན་བྱེད་པ་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་བཟང་བོར་སྒྲུབ་པ། དྲ་རྒྱའི་འབྲེལ་བ་ཇེ་དམ་དུ་གཏོང་བ། ས་ཁུལ་གཙོ་བོ་དང་མི་ཚོགས་གཙོ་བོ། གོ་རིམ་གཙོ་བོ་བཅས་འབུར་དུ་ཐོན་པར་བྱས་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཨེ་ཙིའི་ནད་སོགས་འགོས་ནད་ཚབ་ཆེན་གྱི་སྔོན་འགོག་བྱ་བ་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་འགན་འཁྲི་སྔར་ལས་ལྷག་པའི་སྒོ་ནས་དངོས་འབེབ་བྱེད་པ་དང་འགོག་བཅོས་ཁྲོད་ཞུགས་པར་ཤུགས་སྣོན་པ། མྱུར་སྐྱོབ་རོགས་སྒྲུབ་དང་སྨན་བཅོས་འགན་སྲུང་སོགས་ཀྱི་བྱ་བ་གཟབ་ནན་གྱིས་སྒྲུབ་པ་དང་། སྨན་རྫས་ཞིབ་འཇུགས་སོགས་ཚན་རྩལ་འགག་བགྲོད་འབྲེལ་བ་ཇེ་དྲག་ཏུ་གཏོང་བ། མི་ཆོས་བརྩེ་སེམས་ལ་ཤུགས་བསྣན་ནས་ཨེ་ཙི་ནད་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་དགོས།  སྔོན་འགོག་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་དང་ཐེ་གཏོགས་བྱེད་པའི་ཕན་ནུས་རང་བཞིན་སྔར་ལས་ཇེ་མཐོར་གཏོང་བ་དང་། བརྟན་འཇལ་ཉེན་ཟོན་ལ་ཤུགས་སྣོན་པ། སྤྱི་ཚོགས་རྩ་འཛུགས་སོ་སོ་ཨེ་ཙིའི་ནད་སྔོན་འགོག་བྱེད་པའི་བྱ་བའི་ཁྲོད་ཞུགས་པའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཨེ་ཙེའི་ནད་འགོག་བཅོས་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་སྔར་ལས་སྲུང་སྐྱོབ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།