ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་དབང་ཁེ་ལས་གཞི་རིམ་རྩ་འཛུགས་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དང་དངོས་འབེབས་བྱེད་པ། ལས་ཁུངས་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། ལས་ཁུངས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་ལས་ཁུངས་གཞི་རིམ་ཏང་གི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་ལས་ཁུངས་ཏང་འཛུགས་བྱ་བའི་འགན་འཁྲི་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་དམ་འཛིན་བྱས་ནས་དཔེ་སྟོན་ལས་ཁུངས་དང་བྱང་ཚད་མཐོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ལས་ཁུངས་ཏང་རྩ་འཛུགས་དང་ཏང་ཨུ་ཡིས་ལས་ཁུངས་རང་གི་ཏང་གི་འཛུགས་སྐྲུན་གྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ཏང་ཙུའུ་དང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་འགན་དང་པོ་འཁུར་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་ལ་སྣེ་ཁྲིད་དེ་ལས་གནས་གཅིག་དང་འགན་འཁྲི་གཉིས་དངོས་འབེབས་བཟང་བོ་བྱེད་དགོས། ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་བསྣན་ཏེ། ཏང་རྩ་འཛུགས་དང་ཏང་ཨུ་ཡིས་ལས་ཁུངས་ཏང་འཛུགས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་དབང་ཁེ་ལས་གཞི་རིམ་རྩ་འཛུགས་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་ལ་ཞིབ་འཇུག་དང་གཏན་འཁེལ་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དང་དངོས་འབེབས་བྱེད་པ། ཏང་གིས་རྒྱལ་དབང་ཁེ་ལས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་དང་དེ་ལ་ཤུགས་སྣོན་པ། རྒྱལ་དབང་ཁེ་ལས་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱལ་དབང་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་དང་གསར་སྐྲུན་ནུས་ཤུགས། ཚོད་འཛིན་ནུས་ཤུགས། ཤུགས་རྐྱེན་ཐེབས་ཤུགས། ཉེན་སེལ་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། རྒྱལ་དབང་མ་རྩ་སྔར་ལས་སྟོབས་ལྡན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་རྩ་འཛུགས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།