ཞི་ཅིན་ཕིང་དམག་དཔུང་ཡོངས་ཀྱི་སློབ་གྲྭའི་སློབ་གཙོའི་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བར་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དམག་དཔུང་ཡོངས་ཀྱི་སློབ་གྲྭའི་སློབ་གཙོའི་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སྲུང་སློབ་ཆེན་དུ་ཕེབས་ཏེ་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭར་ཞུགས་པའི་སློབ་མ་ཡོངས་ལ་བརྩེ་བའི་ཐུག་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་མཉམ་འཛོམས་སྦྱོང་བརྡར་བྱེད་པའི་སློབ་མ་རྣམས་ལ་སྐུལ་མ་ཆེན་པོ་ཐེབས།

ཞི་ཅིན་ཕིང་གིས་གསུངས་རྒྱུར།  དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ནི་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སུ་གཏོང་བར་ཞབས་ཕྱི་བསྒྲུབ་པ་དང་། ཀུན་སྤྱོད་བཟང་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། དམག་འཐབ་ལ་མཁས་པའི་མི་གསོ་སྐྱོང་བྱེད་དགོས་པར་མ་ཟད། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལས་སློབ་གླིང་དང་སློབ་གྲྭ་འཛུགས་སྐྲུན་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཡུན་རིང་ཇུས་གཞི་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། དམག་དོན་སློབ་གསོའི་ཐད་ལ་དུས་རབས་ཀྱི་རེ་བ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་མཛུབ་སྟོན་ཁ་ཕྱོགས་གནང་ཡོད་ལ། དམག་དོན་སློབ་གསོའི་བྱ་བ་བཟང་བོར་བསྒྲུབ་པའི་གཞི་རྩའི་བསྲུང་ཡང་ཡིན།

རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་དང་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས། ཏང་གི་དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་ཡོངས་སུ་མིང་གྲགས་ཆེ་བའི་དམག་དཔུང་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།