ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སུའུ་ལི་ནན་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ལི་ནན་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཡིས་ཐུན་མོང་གིས་ཀྲུང་གོ་དང་སུའུ་ལི་ནན་བར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

1125282158_15748652795611n.jpg

ཟླ11པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ལི་ནན་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་ལྷ་ལྕམ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཙུང་ཐུང་པའོ་ཐེ་སེ་དང་མཉམ་དུ་སྐུ་པར་བསྐྱོན་པ།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སུའུ་ལི་ནན་ནི་ཐོག་དང་པོར་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་གྱི་ཅ་ལེ་པིའི་རྒྱལ་ཁབ་ཡིན་པ་དང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ43རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་རྒྱབ་སྐྱོར་དང་། ཕན་ཚུན་རྒྱུས་ལོན། ཕན་ཚུན་ཡིད་ཆེས་བྱས་ཤིང་།  ཀྲུང་གོ་དང་སུའུ་ལི་ནན་གྱི་འབྲེལ་བ་དུས་ཡུན་རིང་པོར་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་གྱི་རྒྱལ་ཁབ་ཁྲོད་འབྲེལ་བའི་མདུན་གྲལ་དུ་གནས་ཡོད། རྒྱལ་ཁབ་ཆེ་ཆུང་མཛའ་མཐུན་མཉམ་གནས་དང་འདྲ་མཉམ་གྱི་མིག་དཔེ་ཡིན་ཞེས་བརྗོད་ཆོག་པ་རེད།  ཀྲུང་གོ་དང་སུའུ་ལི་ནན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དུ་སླེབས་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སུའུ་ལི་ནན་དང་མཉམ་དུ་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་སུའུ་ལི་ནན་གྱི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སུའུ་ལི་ནན་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་དང་དར་སྤེལ་བཏང་ནས་མུ་མཐུན་དུ་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པས།  སུའུ་ལི་ནན་གྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སུའུ་ལི་ནན་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། ནགས་ལས། ཉ་ལས། འཕྲིན་གཏོང་། ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ནུས་རྒྱུ་གསར་པ་དང་། གྲངས་གཞིའི་དཔལ་འབྱོར། ཡུལ་སྐོར། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་གསར་གཏོད་བྱེད་དགོས།  ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ནུས་ལྡན་གྱི་ཀྲུང་གོའི་མ་རྩའི་ཁེ་ལས་དེ་བས་མང་པོ་སུའུ་ལི་ནན་དུ་མ་དངུལ་བཏང་ནས་ལས་སྒོ་གསར་སྤེལ་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། སུའུ་ལི་ནན་ནི་ཅ་ལེ་པི་ས་ཁུལ་གྱི་ཕྱིར་སྡོད་ཀྱི་ཀྲུང་གོ་བ་མང་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། སློབ་གསོ་དང་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའུ་ལི་ནན་ལ་སྨན་བཅོས་ཚན་ཆུང་མངགས་གཏོང་བྱེད་རྒྱུ་ཡིན། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་འབྲེལ་བ་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་པ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། སྒོ་འབྱེད་ཀྱི་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པ། རྒྱལ་ཁབ་གཉིས་པོ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་གི་གནས་ཡུལ་དུ་སུའུ་ལི་ནན་ཕྱོགས་ལ་བདེན་འཛིན་དྲང་གཏམ་མུ་མཐུད་ཤོད་པ་དང་སུའུ་ལི་ནན་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་གནམ་གཤིས་ཕྱོགས་མང་འཕེལ་རིམ་ནང་ཞུགས་འདོད་ཡོད་ཅེས་གསུངས་པ་རེད། 

1125282158_15748653658861n.jpg

ཟླ11པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ལི་ནན་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་པའོ་ཐེ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་བཞིན་པ།

 ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་། ཅ་ལེའི་པི་རྒྱལ་ཁབ་བཅས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་གསར་དར་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་རང་བདག་བྱེད་པའི་དབང་ཆར་ཐོག་མཐའ་བར་གསུམ་དུ་བརྩི་འཇོག་བྱེད་པ་དང་། ལ་ཏིང་མེ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་དང་གྲོས་མོལ་བྱས་པ་བརྒྱུད་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་བར་གྱི་འབྲེལ་བ་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་ཆེན་པོ་བྱུང་ནས་ཕྱོགས་གཉིས་ཀར་དངོས་ལྡན་གྱི་ཕན་པ་ཐོབ་པ་མ་ཟད། ས་ཁུལ་བར་གྱི་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ་འདྲ་མཉམ་དང་གཉིས་ཕན་གཉིས་ཁེའི་རྩ་དོན་ལ་གཞིགས་ནས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

1125282158_15748653861041n.jpg

ཟླ11པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ལི་ནན་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་པའོ་ཐེ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་བཞིན་པ།

  པའོ་ཐེ་སེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཐོབ་ངེས་ཡིན་པ་དང་། ཀྲུང་གོ་མི་དམངས་དང་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། པའོ་ཐེ་སེ་ཡིས་ང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བར་ལོ་རྒྱུས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན། སུའུ་ལི་ནན་དང་ཀྲུང་གོའི་མཛའ་གྲོགས་རྒྱུན་རིང་ལ། སུའུ་ལི་ནན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཀྲུང་གོར་རྒྱལ་ཁབ་ཀྱི་བྱ་གཞག་ཆེན་པོ་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཞང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ལ་གཏོགས་པ་དང་། སུའུ་ལི་ནན་ཕྱོགས་ཀྱིས་མཐའ་གཅིག་ཏུ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོའི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་དང་ལྷག་པར་དུ་ཞིན་ཅང་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དབང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ལི་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་འགྲོ་འོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཕྱོགས་རྐྱང་རིང་ལུགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་ལ་གཏོར་བཤིག་བཏང་བས་ལ་ཏིང་མེ་གླིང་སོགས་ས་ཁུལ་དང་རྒྱལ་སྤྱིའི་དུས་བབ་ལ་མཇུག་འབྲས་ཚབས་ཆེན་ཐེབས་ཡོད། སུའུ་ལི་ནན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་བྱེད་པ་དང་། སུའུ་ལི་ནན་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད། །

 གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་ཐུན་མོང་གིས་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཕན་ཚུན་ཐོང་མཆན་མི་དགོས་པ་སོགས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་རེད།

རྒྱལ་ཁབ་གཉིས་པོས་ཐུན་མོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་ལི་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས》སྤེལ་བ་རེད།

གྲོས་མོལ་མ་མཛད་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་པའོ་ཐེ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། ཕིན་ལི་ཡོན་དང་། དབྱང་ཅེ་ཁྲེ། ཧྲེན་ཡུའེ་ཡུའེ། ཝང་དབྱི། ཧོ་ལི་ཧྥེང་། ཧྲའོ་ཧུང་སོགས་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།