ཀྲུང་གོ་བོད་ཀྱི་དྲ་བ།

དྲ་རྒྱའི་རོལ་རྩེད་དོ་དམ་ནན་མོ་བྱེད་པར་ཁྲིམས་སྐྱོང་ནུས་ཤུགས་གཅིག་ཏུ་སྒྲིལ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ན་མ་སོན་པའི་བྱིས་པ་དྲ་རྒྱའི་རོལ་རྩེད་ལ་མགོ་འཐོམས་པ་དང་ལྷག་པར་དུ་དྲ་རྒྱའི་རོལ་རྩེད་ཐད་ཀྱི་གནད་དོན་ནི་ཧ་ཅང་ཧང་སངས་བ་ཞིག་རེད། ”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཨུ་ཡོན་ཧོ་དབྱི་ཐིང་གིས་བཤད། ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་འཚོགས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་བརྒྱུད་སྤྲོད་བྱས་པའི་མང་ཚོགས་ཀྱི་འཕྲིན་ཡིག་འབྱོར་ཞིང་། དེའི་ནང་འཕྲིན་ཡིག་གཅིག་ནི་ཁྱིམ་བདག་སྟོང་ཕྲག་གིས་མཉམ་འབྲེལ་ཐོག་མིང་རྟགས་བཀོད་པ་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱིས་དྲ་རྒྱའི་རོལ་རྩེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ན་སོ་དར་ལ་མ་བབས་པའི་མི་དྲ་རྒྱའི་རོལ་རྩེད་ནང་ཞུགས་རྒྱུ་བཀག་འགོག་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་ཡོད་པ་རེད།

ཞིབ་འཇུག་བྱས་པ་ལྟར་ན། རོལ་རྩེད་ལ་མགོ་འཐོམས་མཁན་ཚོའི་ལུས་ལ་ནད་སློང་ཚད་ནི་བརྒྱ་ཆའི27.5ཡས་མས་ཡིན་པ་རེད། ཁྱིམ་བདག་སྟོང་ཕྲག་མང་པོས་ཐུན་མོང་གིས་མིང་འགོད་བྱས་ནས་རྒྱལ་ཁབ་ཀྱིས་དྲ་རྒྱའི་རོལ་རྩེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་རེ་བ་བཏོན་པ་དེར་རྒྱལ་ཁབ་ཀྱི་ངོས་ནས་ཚད་མཐོའི་མཐོང་ཆེན་ཐོབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བདེ་ཐང་ཀྲུང་གོའི་བྱ་སྤྱོད(2019ལོ་ནས་2030ལོ་བར)》བཏོན་པའི་སློབ་གྲྭ་ཆུང་འབྲིང་གི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཐད་དྲ་རྒྱའི་རོལ་རྩེད་ཀྱི་འབྲེལ་ཡོད་ནང་དོན་ཆེད་དུ་གླེང་ཡོད། ལྟ་སྐུལ་དོ་དམ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དྲ་རྒྱའི་རོལ་རྩེད་ཀྱི་བར་སྟོང་གཙང་སེལ་བྱེད་པ། “དྲ་རྒྱ་སྲུང་སྐྱོང་”གི་ཆེད་དོན་སྒྲིག་ཡིག་དོན་འཁྱོལ་ནན་ཏན་བྱེད་དེ། ནར་མ་སོན་པའི་མི་ལ་དྲ་རྒྱའི་ཕྱི་ནང་བར་གསུམ་ནས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

ལོ་ཆུང་བྱིས་པ་རོལ་རྩེད་ལ་མགོ་འཐོམ་པའི་གནད་དོན་ཐག་གཅོད་བྱེད་པར་ཁྱིམ་ཚང་དང་། སློབ་གྲྭ སྲིད་གཞུང་སོགས་སྤྱི་ཚོགས་ཁྱོན་ཡོངས་མཉམ་ཞུགས་བྱས་ཏེ་བཅོས་སྐྱོང་གི་ནུས་པ་ཤུགས་འདོན་བྱེད་དགོས། ཁྱིམ་ཚང་ནི་ལོ་ཆུང་བྱིས་པ་རོལ་རྩེད་ལ་མགོ་འཐོམས་པར་སྔོན་འགོག་བྱེད་པའི“རགས་ཆེན་དང་པོ”ཡིན་པས་ཁྱིམ་བདག་གིས་རང་དཔེ་གཞན་སྟོན་བྱེད་དགོས་པ་ལས་དྲ་རྒྱའི་རོལ་རྩེད་ལ་མགོ་འཁོར་མི་རུང་། ཕྲུ་གུ་དང་འབྲེལ་འདྲིས་བྱེད་པ། ཕྲུ་གུ་དང་བསམ་བློ་བརྗེ་རེས་བྱེད་པ་ལ་ཤུགས་སྣོན་རྒྱག་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས་པ་མ་ཟད། ཕྲུ་གུའི་དུས་ཚོད་ཀྱི་དོ་དམ་འདུ་ཤེས་དང་བསམ་བློ་ངོས་ཟིན་གྱི་ནུས་པ་སྐྱེད་སྲིང་བྱེད་དགོས། སློབ་གྲྭས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཕྲུ་གུ་ཚོར་རོལ་རྩེད་ལ་མགོ་འཐོམས་ནས་དུས་འདའ་བའམ་སློབ་སྦྱོང་ལ་གནོད་འཚེ་ཐེབས་པར་ཤེས་རྟོགས་ཐུབ་པ་བྱས་ནས་ལོ་ཆུང་བྱིས་པ་ཚོར་དྲ་རྒྱའི་རོལ་རྩེད་ཡང་དག་པའི་སྒོ་ནས་རོལ་རྩེད་འོས་འཚམ་ཞིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། རོལ་རྩེད་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་གཙིགས་སུ་བཟུང་སྟེ་ལོ་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ལ་ཕན་པའི་རོལ་རྩེད་གསར་སྤེལ་བྱེད་དགོས་པ་མ་ཟད། ལག་རྩལ་ལ་བརྟེན་ནས་སྒྲིག་སྲོལ་བཟོས་ཏེ་ལོ་ཆུང་བྱིས་པའི་རོལ་རྩེད་ཀྱི་རྩེད་ཆས་རིགས་དང་དུས་ཚོད་རིང་ཐུང་སོགས་ལ་ཚོད་འཛིན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།