ཀྲུང་གོ་བོད་ཀྱི་དྲ་བ།

ཤིན་ཧྲི་ཕིང་ལེ་ཚན་གྱིས་དྲ་ཐོག་གི་གསར་འགྱུར་རྫུན་མ་ཐུན་མོང་ཐོག་བཅོས་སྐྱོང་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཧྲང་ཧའེ་རུ་འཚོགས་པའི་འཛམ་གླིང་སྨྱན་སྦྱོར་དབུ་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་འཛམ་གླིང་གི་སྨྱན་སྦྱོར་གྲགས་ཅན་ལས་ཁུངས་འགའི་འགན་འཁུར་བས་དྲ་ཐོག་གི་གསར་འགྱུར་རྫུན་མ་བཅོས་སྒྲིག་བྱས་ནས་གསར་དར་ལག་རྩལ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་གསར་འགྱུར་འཕྲིན་སྤེལ་གྱི་དངོས་ཡོད་རང་བཞིན་དང་ཡིད་རྟོན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས་ཞེས་བཤད་པ་རེད།

དྲ་སྦྲེལ་དང་གྲངས་འཛིན་ལག་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཆ་འཕྲིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། མི་རྣམས་ལ་ཆ་འཕྲིན་ཐོབ་པའི་ཐབས་ལམ་དང་བྱེད་ཐབས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཆ་འཕྲིན་གྱི་བདེན་རྫུན་དབྱེ་འབྱེད་དཀའ་བ་དང་། ཆ་འཕྲིན་རྫུན་མ་དང་ལྷག་པར་དུ་གསར་འགྱུར་རྫུན་མ་དྲ་རྒྱའི་བར་མཐོངས་སུ་ཁྱབ་ནས་དྲ་རྒྱའི་སྤྱི་གནོད་ཆེན་པོ་ཞིག་ཏུ་གྱུར་ཡོད། “ཙན་པི་ཡའི་ནད་གཡོག་པས་ལོ12རིང་ཕྲུ་གུ་དམར་འབྱར5000བརྗེ་ནོར་རྒྱབ་པ”ལྟ་བུའི་གནས་ཚུལ་རྫུན་མ་ཡིན་ནའང་འདྲ། ཡང་ན་དབྱིན་ཇིའི“བེམ་པོ་ཟོག་འདྲེན་རླངས་འཁོར་གྱི་གྱོད་གཞིའི”སྐོར་གྱི་གསར་འགྱུར་སྤེལ་གཏོང་ཐད་ལྡོག་འཕེལ་བྱུང་ནས་དྲ་ཐོག་ཏུ་གནས་ཚུལ་མི་ཉུང་བ་ཞིག་ཐོན་པས་མི་རྣམས་ཁོང་ཁྲོ་སྐྱེ་བཞིན་ཡོད། ཞིབ་འཇུག་བྱས་པ་ལས་མངོན་པར། 2019ལོར་འཛམ་གླིང་ཐོག་གི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཆེ་ཤོས“ངོ་དེབ”གྱི་དྲ་ཚིགས་ཐོག་གསར་འགྱུར་རྫུན་མ100ཡི་རྡེབ་ཐེངས་དུང་ཕྱུར་1.5ལས་བརྒལ་ཡོད་པ་རེད།

དྲ་རྒྱའི་གསར་འགྱུར་རྫུན་མས་མང་ཚོགས་ལ་གནོད་འཚེ་ཆེན་པོ་ཕོག་པ་མ་ཟད། གཙོ་རྒྱུན་སྨྱན་སྦྱོར་གྱི་དབང་གྲགས་རང་བཞིན་དང་ཡིད་ཆེས་རང་བཞིན་ལའང་ཕོག་ཐུག་བཏང་ཡོད། དེ་བས་དོགས་ཟོན་བྱེད་དགོས་པ་ཞིག་ནི། གསར་འགྱུར་རྫུན་མ་ཁ་ཤས་སྒྲིག་བཟོ་བྱས་པའམ་ཡང་ན་ཕྱོགས་ཞེན་གྱི་དབང་གིས་ཡིན་པའམ་ཡང་ན་དཔལ་འབྱོར་གྱི་ཁེ་ཕན་དང་ངན་འབྲེལ་བྱེད་པ། ཡང་ན་ཆབ་སྲིད་ཀྱི་དམིགས་ཡུལ་སྦས་སྐུང་བྱས་ཡོད་པ་སོགས་ཀྱིས་ཕྱོགས་མང་པོའི་ཐད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་བཞིན་ཡོད། ཡོ་རོབ་མནའ་འབྲེལ་གྱི“གསར་འགྱུར་རྫུན་མ་དང་དྲ་རྒྱའི་ཆ་འཕྲིན་རྫུན་མའི”སྐོར་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ལྟ་ཞིབ་བྱ་ཡུལ་གསུམ་ཆ་གཅིག་ལས་བརྒལ་བར་ཉིན་རེར་ཧ་ལམ་གསར་འགྱུར་རྫུན་མར་འཕྲད་སྲིད་། བརྒྱ་ཆའི་85ལས་བརྒལ་བའི་ལྟ་ཞིབ་བྱ་ཡུལ་གྱིས་གསར་འགྱུར་རྫུན་མ་དེ་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན་གནད་དོན་ཞིག་ཡིན་པར་འདོད་ཡོད།

མིག་སྔར་རྒྱལ་ཁབ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བྱ་ཐབས་བཏོན་ནས་དྲ་རྒྱའི་གསར་འགྱུར་རྫུན་མ་འགོག་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་བཀོལ་ནས་གསར་འགྱུར་རྫུན་མ་འགོག་པའི་བྱ་ཐབས་ཀྱང་འཚོལ་ཞིབ་བྱེད་བཞིན་ཡོད། དྲ་རྒྱའི་བར་མཐོངས་ནི་ཕན་ཚུན་སྦྲེལ་མཐུད་བྱས་ཡོད་པ་དང་། དེའང་མཉམ་སྤྱོད་མཉམ་བཅོས་བྱེད་དགོས་པ་ཡིན། དྲ་རྒྱའི་གསར་འགྱུར་རྫུན་མ་བཅོས་སྒྲིག་བྱ་རྒྱུ་ནི་རྒྱུན་སྲིང་དམག་འཁྲུག་ཅིག་ཡིན་པས་ཕྱོགས་སོ་སོས་ཐུན་མོང་ཐོག་ཧུར་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

“སྐྱེ་བོ་ཚང་མར་སྟེགས་བུ་ཡོད་པའི”དྲ་རྒྱའི་དུས་རབས་སུ་གསར་འགྱུར་སྨྱན་སྦྱོར་གྱིས“འགག་སྒོ་དམ་འཛིན་བྱེད་མཁན” ཡག་པོ་བྱེད་དགོས་ཤིང་། རང་ངོས་ཀྱི་ཉམས་སད་ཐེག་ནས་གསར་འགྱུར་རྫུན་མ་གཏན་འགོག་བྱེད་དགོས་ལ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལམ་སྲོལ་ནུས་ལྡན་བཙུགས་ཏེ་གསར་འགྱུར་རྫུན་མ་དབྱེ་འབྱེད་དང་གཙང་སེལ་དེ་བས་ལེགས་པོ་བྱས་ཏེ་དྲ་རྒྱའི་བར་མཐོངས་སྔར་བས་དྭངས་གཙང་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།