ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་1136བཏང་ནས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་18ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ཞིང་ཆེན28(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ལ་2020ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཉིན་འདི་གར་སྔ་སྣུར་དུ་རྩིས་སྤྲོད་བྱས་པ་དང་ཁྱོན་སྒོར་དུང་ཕྱུར་1136སྤྲད་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རོགས་བྱས་པ་རེད།

ནོར་སྲིད་པུའུ་ཡིས་ཉིན་དེའི་གསལ་བསྒྲགས་ལྟར་ན། ཐེངས་འདིའི་སྔ་སྣུར་རྩིས་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་1136ཡིས་ཕལ་ཆེར་2019ལོའི་ཀྲུང་དབྱང་ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1216གི་བརྒྱ་ཆའི་90ཙམ་ཟིན། དེའི་ནང་མུ་མཐུད་དུ“ས་ཁོངས་གསུམ་དང་ཁུལ་གསུམ”སོགས་གཙོ་གནད་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“ས་ཁོངས་གསུམ་དང་ཁུལ་གསུམ”ལ་ཆེད་དུ་སྒོར་དུང་ཕྱུར114བཀོད་སྒྲིག་བྱས་ཡོད་པ་མ་ཟད། མ་དངུལ་དེ་དག་ཁུལ་དང་ས་ཁོངས་དུ་བགོ་སྤྲོད་བྱ་རྒྱུ་རེད།

2020ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་མཇུག་བསྡུའི་ལོ་ཡིན་པ་དང་འགག་སྒྲོལ་གྱི་ལས་འགན་ལྷག་མ་ཚང་མ་ནི་དབུལ་ཕོངས་ཁྲོད་ཀྱི་ཚབས་ཆེ་བ་དང་ཆེས་དཀའ་ཁག་ཆེ་བ་དག་ཡིན། ནོར་སྲིད་པུའུ་ཡིས་ས་གནས་ཁག་གིས་རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ཚོད་ལྟའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ལ་མ་འཇོག་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྤྱི་བསྒྲགས་བྱས་པ་རེད།

སྤྱི་བསྒྲགས་ནང་འབྲེལ་ཡོད་ཞིང་ཆེན་གྱིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དབུལ་ཕོངས་རྫོང་གི་ནོར་སྲིད་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་་བསམ་འཆར》སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་། རྫོང་དབུལ་པོར་བཀོད་སྒྲིག་བྱས་པའི་མ་དངུལ་འཕར་ཚད་དེ་མ་དངུལ་དེའི་ཆ་སྙོམས་འཕར་ཚད་ལས་དམའ་མི་རུང་བ་དང་། རྫོང་དབུལ་པོར་བགོ་བཤའ་བརྒྱབ་པའི་མ་དངུལ་ཚང་མར“ཁག་བགོས་རྩིས་སྤྲོད”བྱེད་པ་དང་། མ་དངུལ་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དབང་ཆ་རྫོང་ལ་སྤྲད་ནས། རྣམ་གྲངས་ཞིབ་ཕྲ་གཏན་འཁེལ་བྱེད་པའམ་ཡང་ན་དབུལ་ཐར་འགག་སྒྲོལ་དང་འབྲེལ་བ་མེད་པའི་ལས་འགན་དང་བླང་བྱ་བཏོན་མི་ཆོག

དེ་དང་ཆབས་ཅིག་ནོར་སྲིད་པུའུ་ཡིས་ས་གནས་ཁག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང《ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དོ་དམ་བྱ་ཐབས》སོགས་ཀྱི་དོ་དམ་བླང་བྱ་གཞིར་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་དུ་མ་དངུལ་རྩིས་སྤྲོད་བྱེད་པའི་ཕན་ཡོད་ཆ་རྐྱེན་དེ་ཡག་པོ་སྤྱད་དེ་སྔོན་རྩིས་སྔ་སྣུར་དུ་ཇུས་འགོད་དང་སྒྲིག་བཟོ་ཡག་པོ་བྱེད་དགོས་པ་དང་། 2020ལོའི་སྔོན་རྩིས་ལོ་འཁོར་འགོ་ཚུགས་རྗེས་གོ་རིམ་གཞིར་བཟུང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ནས་མ་དངུལ་གནད་སྨིན་ནུས་ལྡན་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།