ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་སྟོན་དུས་དང་དགུན་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་18ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས་2019ལོའི་ཟླ་11པ་ནས་2020ལོའི་ཟླ་3པའི་བར་རྒྱལ་ཡོངས་སུ་གཅིག་སྡུད་ཐོག་སྟོན་དུས་དང་དགུན་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

སྡོམ་རྩིས་བྱས་པ་ལྟར་ན། ལོ་བཅུའི་རིང་གི་དགུན་དཔྱིད་དུས་ཀྱི་མེ་སྐྱོན་བྱུང་ཚད་དང་མི་ཤི་རྨས་གྲངས་འབོར། རྒྱུ་ནོར་གྱོང་གུན་ཤོར་ཚད་ཚང་མ་དབྱར་སྟོན་དུས་དང་བསྡུར་ན་བརྒྱ་ཆའི་42.4་དང་བརྒྱ་ཆའི་70.6། བརྒྱ་ཆའི་25.4ཡིས་མཐོ་བ་རེད། ཚབས་ཆེ་བའི་མེ་སྐྱོན་གྱིས་མེ་སྐྱོན་སྤྱིའི་ཁ་གྲངས་ཀྱི་བརྒྱ་ཆའི་60ཟིན་ཡོད་པས། རྒྱུན་དུ་མེ་སྐྱོན་ཆེན་པོ་དང་ཚབས་ཆེན་བྱུང་པའི་དུས་ཚིགས་སུ་གྱུར་ཡོད།

བརྡ་ཐོའི་ནང་བླང་བྱ་བསྟན་དོན། མེ་ཟོན་བདེ་འཇགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་དང་ཁྱབ་ཁོངས་དབྱེ་ནས་ཁྲོམ་ར་དང་ཚོང་ར་དང་ངལ་རྩོལ་གཅིག་སྡུད་ཅན་གྱི་ཁེ་ལས་སོགས་གཙོ་གནད་ཁུལ་གྱི་རྨང་གཞིའི་ཆ་འཕྲིན་འགོད་པ། གནད་དོན་གསལ་ཐོ་བཟོ་བ། དག་ཐེར་བྱས་མེད་པའི་གནད་དོན་གྱི་མངོན་མེད་རྐྱེན་ངན་རྗེས་འདེད་ལྟ་སྐུལ་དང་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། དམིགས་སའི་རང་བཞིན་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚོང་ལས་ཕྱོགས་བསྡུས་ཅན་གྱི་མེ་ཟོན་བདེ་འཇགས་བཅོས་སྒྲིག་དང་། རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་འཛུགས་སྐྲུན་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་བྱེད་པ། གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཉེན་ཁའི་རྫས་འགྱུར་དངོས་པོ“ཉེན་ཁ་གཙང་སེལ”བྱེད་པ་དང་འབུད་རླངས་བདེ་འཇགས་དོགས་ཟོན་ལས་དོན་གཏིང་ཟབ་ཏུ་གཏོང་དགོས།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། སྤྱི་དམངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མེ་སྐྱོན་སྔོན་འགོག་དང་སྲོག་ཉེན་ལས་ཐར་ཐབས་ཀྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཉེན་ཆེའི་ལས་རིགས་ཁྱབ་ཁོངས་སོགས་གྱི་སྦྱིན་བདག་དང་ལས་ཞུགས་མི་སྣའི་མེ་ཟོན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒན་རྒོན་དང་། བྱིས་པ། ནད་པ་སོགས་གཙོ་གནད་མི་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

བརྡ་ཐོའི་ནང་ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་བརྡ་གཏོང་བ་དང་། གཅིག་སྡུད་གསོ་སྦྱོང་སྐུལ་སློང་བྱེད་པ། ཚན་པ་སྒྲིག་འཛུགས་བྱས་ནས་རང་བཤེར་བྱེད་པ། ཞིབ་བཤེར་བྱེད་པ། གཙོ་གནད་དུ་སྐོང་འདྲི་བྱེད་པ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་ཀའི་བྱེད་ཐབས་སྤྱད་དེ་ཉེན་ཁ་དུས་ཐོག་ཏུ་སེལ་བ་དང་། མི་མངོན་པའི་རྐྱེན་ངན་སེལ་བ། མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་སྣ་ཤི་རྨས་ཅན་གྱི་མེ་སྐྱོན་ཆེན་པོ་ནུས་ལྡན་ངང་ཉུང་དུ་གཏོང་བ་དང་མེ་སྐྱོན་གྱི་ལས་འཛོལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།