ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ལྷོ་ཆུ་བྱང་འདྲེན་རྗེས་མཐུད་ལས་གྲྭའི་ལས་དོན་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125246410_15740845002591n.jpg

ལི་ཁེ་ཆང་གིས་ལྷོ་ཆུ་བྱང་འདྲེན་རྗེས་མཐུད་ལས་གྲྭའི་ལས་དོན་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ལྷོ་ཆུ་བྱང་འདྲེན་རྗེས་མཐུད་ལས་གྲྭ་སོགས་ཆུ་བེད་འཛུགས་སྐྲུན་གལ་ཆེན་ལ་སྐུལ་འདེད་བཏང་ནས་མ་དངུལ་ནུས་ལྡན་གྱིས་བེད་སྤྱད་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11པའི་ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལྷོ་ཆུ་བྱང་འདྲེན་རྗེས་མཐུད་ལས་གྲྭའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རྗེས་མཐུད་ལས་གྲྭ་དང་ཆུ་བེད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ཆུ་བེད་པུའུ་དང་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས་ལྷོ་ཆུ་བྱང་འདྲེན་རྗེས་མཐུད་ལས་གྲྭའི་སྤྱིའི་འཛུགས་སྐྲུན་གྱི་བསམ་ཕྱོགས་ཐད་ནས་སྙན་སེང་ཞུས་པ་རེད། ལི་ཁེ་ཆང་གིས་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་ཚུན་ལས་གྲྭའི་སྤུས་ཚད་དང་ཆུའི་སྤུས་ཚད་ཀྱི་ཞིབ་བཤེར་ལ་ཁག་ཐེག་བྱུང་ཡོད་པ་དང་། བདེ་འཇགས་ཀྱི་ཆུ་མཁོ་འདོན་མངོན་འགྱུར་བྱུང་ནས། བཞུར་རྒྱུད་ས་ཁུལ་གྱི་ཐོན་སྐྱེད་འཚོ་བ་དང་སྣོད་བཅུད་ཆུ་བེད་ཐད་ལ་བྱེད་ནུས་གལ་ཆེན་ཐོན་པ་དང་། ཐད་ཀར་ཕན་ཐོག་པའི་མི་འབོར་དུང་ཕྱུར་1ལས་བརྒལ་བ་དང་། དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས་བཅས་ལ་མངོན་གསལ་དོད་པའི་ཕན་འབྲས་ཐོབ་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་ཀྱི་ཡང་དག་རང་བཞིན་ར་སྤྲོད་ནུས་ལྡན་བྱས་ཡོད།

དུས་མཚུངས་སུ་ཆུའི་ཐོན་ཁུངས་དཀོན་པ་དང་ཁྱབ་ཚུལ་ཆ་སྙོམས་མིན་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེའི་ཁྲོད་ཧྭ་བྱང་དང་ནུབ་བྱང་མངོན་གསལ་དོད་ཤོས་རེད། ཧྭ་བྱང་གི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་དང་གྱོང་གུན་ཚབས་ཆེན་ཕོག་པས། ཆུའི་སྐྱེ་ཁམས་སླར་གསོའི་ལས་འགན་ཧ་ཅང་ལྕི་ལ། མི་འབོར་གྱི་ཐེག་ཚད་འཕར་སྣོན་བྱུང་བ་དང་བསྟུན་ནས། ཆུའི་ཐོན་ཁུངས་མཁོ་སྤྲོད་ཀྱི་འགལ་བ་སྔར་ལས་ཇེ་དྲག་ཏུ་སོང་ཡོད། ད་ལོར་ལྷོ་ཕྱོགས་ཀྱི་ཞིང་ཆེན་ཁག་གཅིག་ལ་རྒྱུན་མཐུད་ངང་ཐན་པ་བྱུང་ནས་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ལས་གྲྭའི་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཁ་ཚ་དགོས་གཏུག་གི་བླང་བྱ་བཏོན་ཡོད། ཆུའི་ཐོན་ཁུངས་ཆགས་སྟངས་ཀྱིས་འཕེལ་རྒྱས་ཀྱི་གནས་སྟངས་ཐག་གཅོད་བྱེད་བཞིན་ཡོད།

ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ། ལོ་རྒྱུས་ཀྱི་མཐོང་རྒྱ་དང་ཁྱོན་ཡོངས་ཀྱི་མིག་རྒྱང་གིས་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭ་སོགས་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཞན་ཆ་གསབ་པའི་ལས་གྲྭ་གལ་ཆེན་ལ་འཆར་འགོད་དང་སྐུལ་འདེད་གཏོང་དགོས། འདི་ནི་བྱས་རྗེས་དེང་འདིར་བཞག་ཅིང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན་པས། མིག་སྔའི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ལ་ཁ་གཏོད་པ་དང་། ནུས་ལྡན་གྱིས་དངུལ་འཇོག་ལ་སྐུལ་ཁྲིད་དང་། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་འཕར་སྣོན་ཡོང་བ་བཅས་ལ་ཡང་ཕན་ཐོགས་ཡོད།

ལི་ཁེ་ཆང་གིས་གསུངས་དོན།  ལྷོ་ཆུ་བྱང་འདྲེན་རྗེས་མཐུད་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། འབྲི་ཆུ་བཞུར་རྒྱུད་ནས་ཆུ་བྱང་ཕྱོགས་སུ་འདྲེན་པའི་བགྲོད་ལམ་བཏོད་དགོས། དེས་རང་རྒྱལ་གྱི་ཆུའི་ཐོན་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འདེགས་སྐྱོར་ནུས་པ་མཐོར་འདེགས་བཏང་ནས་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ལས་གྲྭའི་སྤྱིའི་འཆར་འགོད་ལྟར་ལག་བསྟར་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། དུས་ཐོག་ཏུ་ཤར་རྒྱུད་དང་དབུས་རྒྱུད་ཀྱི་རྗེས་མཐུད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྔོན་ལ་ཆུ་གྲོན་ཆུང་དང་རྗེས་སུ་ཆུ་འདྲེན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལུགས་དང་མི་མཐུན་པའི་ཆུ་སྤྱོད་པའི་བྱ་སྤྱོད་ཉུང་དུ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་གྲྭའི་ཆུ་འདྲེན་ཚད་དང་ཆུ་ལེན་ཁུལ་གྱི་ཆུ་བགོ་ཚད་གཏན་འཁེལ་བྱ་དགོས། འགན་འཁྲི་ནན་དུ་བཏང་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ཏེ་མི་དམངས་ལ་མུ་མཐུད་དུ་བདེ་སྐྱིད་སྐྲུན་དགོས། དེ་དང་ཆབས་ཅིག ལྷོ་ཆུ་བྱང་འདྲེན་གྱི་བྱང་ཕྱོགས་ཀྱི་ལས་གྲྭའི་འཆར་འགོད་ལ་ཡང་བསྐྱར་བདེན་དཔང་དང་ར་སྤྲོད་ཀྱི་ཐོག་མའི་ལས་དོན་ལ་སྐུལ་འདེད་གཏོང་དགོས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཆུ་བེད་ལས་གྲྭའི་འཛུགས་སྐྲུན་གྱི་དགོས་མཁོ་ཧ་ཅང་ཆེ་ལ་རྣམ་གྲངས་མང་པོ་ཞིག་ལ་དུས་ཡུན་རིང་བོའི་རིགས་སྒྲུབ་བྱས་ཡོད། མིག་སྔར་ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་བཏངང་ནས་ཆུ་བེད་ལས་གྲྭའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་གཙོ་གནད་དུ་བརྩི་དགོས། དེས་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད་ལ་འབྲེལ་ཡོད་ཐོན་ལས་དང་སྒྲིག་ཆས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ནས་ཞིང་པ་ལས་མི་སོགས་ལ་ལས་ཞུགས་ལས་གནས་དེ་བས་མང་པོ་གཏོད་ཐུབ། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་མ་བཅོས་རྒྱུ་ཆའི་རིན་གོང་ཅུང་དམའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ས་སྤྱོད་དང་ཁོར་ཡུག་གདེང་འཇོག་བྱེད་པ་སོགས་མཐུན་སྦྱོར་ཡག་པོ་བྱེད་དགོས། ཕན་ཕྱོད་ཆེ་བའི་ཆུ་བེད་ལས་གྲྭ་གལ་ཆེན་དང་དོ་དམ་མ་ལག སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་སོགས་ལེ་ལག་ཚང་བའི་ལས་གྲྭ་སྐོར་ཞིག་མགྱོགས་མྱུར་ངང་ལས་འགོ་བརྩམ་ནས་རྣམ་གྲངས་སྔ་ཙམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ལི་ཁེ་ཆང་གིས་བཤད་རྒྱུར། རྗེས་མཐུད་ལས་གྲྭ་སོགས་ཆུ་བེད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མ་དངུལ་གྲབས་གསོག་དང་། འཛུགས་སྐྲུན། གཉེར་སྐྱོང་། དོ་དམ་སོགས་ཀྱི་ལམ་སྲོལ་གསར་གཏོད་བྱེད་དགོས། བསྒྱུར་བཅོས་བྱེད་ཐབས་སྔར་བས་མང་པོ་སྤྱད་དེ་འཛུགས་སྐྲུན་མ་དངུལ་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་གྱི་མ་དངུལ་ཕྱོགས་འདིའི་ཐད་ལ་གཟིགས་སྐྱོང་བྱེད་པ་དང་། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩ་སོགས་བེད་སྤྱོད་ཡག་པོ་བྱེད་པ། དངུལ་རྩའི་སྒྲིག་གཞིས་དུས་ཡུན་འབྲིང་རིང་གི་དངུལ་བུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བཅས་བྱེད་དགོས། ཆུ་རིན་སྲིད་ཇུས་ལ་ཞིབ་འཇུག་དང་སྒྱུར་བཅོས་བྱེད་པ་དང་། ལས་གྲྭའི་སྡོད་དམངས་གནས་སྤོ་བྱེད་དགོས་པའི་རིགས་ལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་ལས་དོན་ཡག་པོར་བསྒྲུབས་ཏེ་གནས་སྤོ་ཡུལ་མི་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་བསྒྱུར་ཐུབ་པ་བཅས་བྱེད་དགོས།

ཧུའུ་ཁྲུན་ཧྭ་དང་། ཞའོ་ཅེ། པ་ཐུར། ཧོ་ལི་ཧྥུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།