ཀྲུང་གོ་བོད་ཀྱི་དྲ་བ།

ཁུང་ཙི་འཁྲུངས་ནས་ལོ་ངོ2570འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11ཚེས16ཉིན་གློག་འཕྲིན་འབྱོར་གསལ། ཚེས16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མི་དམངས་ཚོགས་ཁང་ཆེ་མོར་ཁུང་ཙི་འཁྲུངས་ནས་ལོ་ངོ2570འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་ལུགས་རིག་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་སྐབས་དྲུག་པའི་འགོ་འཛུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་གསུངས་པ་རེད། 

     ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་འདུ་འཚོགས་པར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཝང་ཆི་ཧྲན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་དེང་རབས་ཀྱི་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་ངལ་རྩོལ་དང་རྔུལ་ཆུ་གཅིག་ཏུ་འདུས་ཡོད་ལ་ཀྲུང་ཧྭའི་ཤེས་དཔལ་གྱི་བློ་གྲོས་དང་ཉིང་བཅུད་ཀྱང་གཅིག་ཏུ་འདུས་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱིས་གོང་བཀུར་ཞུ་བའི“འབྱོར་འབྲིང”དང“སྤྱི་སྙོམས་ཆེན་པོ” “གནམ་འོག་སྤྱི་ལ་དབང་བ”བཅས་ནི་ད་ཆ་ང་ཚོས་འབད་འཐབ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱིས་གོང་བཀུར་ཞུ་བའི“དམངས་ལ་གཙིགས་ཆེན”དང“མི་དམངས་བདེ་འཁོད”སོགས་དམངས་རྩ་བར་འཛིན་པའི་བསམ་བློ་ནི་ད་ཆ་ང་ཚོས་མཐའ་འཁྱོངས་བྱེད་པའི“མི་དམངས་ལྟེ་བར་འཛིན་པ”དང“བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བ”དེ་གཅིག་རྒྱུན་གཅིག་འཛིན་ཡིན་པ། ཀྲུང་ཧྭའི་ཤེས་དཔལ་གྱིས་གོང་བཀུར་ཞུ་བའི“བྱམས་བརྩེ་དང་། དྲང་བདེན། གུས་ལུགས། ཤེས་རིག ཡིད་རྟོན”བཅས་ནི་ད་ཆ་ང་ཚོས་དར་སྤེལ་གཏོང་བའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་བའི་བརྩེ་སེམས་དང་འགན་འཁྲི་འཁུར་ཕོད་པ། ཐ་ན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཡོངས་སུ་མཐུན་པ། ཀྲུང་ཧྭའི་ཤེས་དཔལ་གྱིས་གོང་བཀུར་ཞུ་བའི“མི་མཐུན་འཆམ་གནས”དང“རྒྱལ་ཕྲན་མཐུན་འགྲིག”ནི་ད་ཆ་ང་ཚོས་འཛིན་པའི་སྒོ་དབྱེ་མཉམ་ལས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་མ་གཏོང་རྒྱུའི་འདུ་ཤེས་དང་མཐུན་པས། ཀྲུང་ཧྭའི་ཤེས་དཔལ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་མི་ཉམས་པར་གནས་པའི་འབྱུང་རྩ་དེ་ཡིན་ཞེས་གསུངས་པ་རེད།

ཝང་ཆི་ཧྲན་གྱིས2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རུའུ་ལུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་སྐབས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། རུའུ་ལུགས་རིག་པའི་རིག་གནས་དང་སྲོལ་རྒྱུན་གྱི་རིག་གནས་ཕུལ་བྱུང་མཐའ་དག་གི་བསམ་བློའི་ཉིང་བཅུད་དར་སྤེལ་བཏང་ནས་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་མ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ནས་བློ་གྲོས་བསྡུ་ལེན་དང་དུས་མཚུངས། འཛམ་གླིང་ཐོག་གི་ཤེས་དཔལ་ཡོད་དོ་ཅོག་ལ་བརྩི་བཀུར་ཞུས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་རྒྱུ་ཡིན། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཤེས་དཔལ་སྣ་ཚོགས་ཡུལ་བབ་དང་བསྟུན་པ་དང་། སྤེལ་རེས་དཔྱད་གཞིར་འཛིན་པ། དུས་བབ་དང་བསྟུན་པ། ནམ་ཡང་རྒྱུན་འཛིན་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྔོག་འདོན་གཏིང་ཟབ་དང་མཉམ་འདྲེས་གསོག་འཇོག་བྱས་ནས་ཀྲུང་གོ་དང་འཛམ་གླིང་ཐོག་གི་དུས་རབས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་བསམ་བློའི་ཉིང་བཅུད་སྔོག་འདོན་ཧུར་ཐག་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་སྔར་བས་དར་རྒྱས་གོང་འཕེལ་དང་མིའི་རིགས་ཀྱི་ཤེས་དཔལ་སྔར་བས་མཚར་སྡུག་ལྡན་པ་ཡོང་བ་བྱེད་དགོས། འབྱུང་རྩ་བཙལ་འཚོལ་དང་ངོ་བོ་འཚོལ་ཞིབ་བྱས་ནས་རྩ་བ་ཁུངས་སྐྱེལ་གྱི་འཚོལ་ཞིབ་དང་བསྡུར་བ་བྱས་ཏེ། ང་ཚོས་འཛམ་གླིང་གི་ལོ་རྒྱུས་དང་དོན་དངོས་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་དགོས། དུས་བསྟུན་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་ཡོང་བ་བྱས་ནས་ཤེས་དཔལ་མི་འདྲ་བར་བསྡུར་བ་དང་། དབྱེ་འབྱེད། བསྡུ་ལེན་བཅས་བྱས་ཏེ་སྲོལ་རྒྱུན་གྱི་རིག་གནས་ཕུལ་བྱུང་ཁྲོད་ནས་བློ་གྲོས་བསྡུ་ལེན་གྱིས་ཀྲུང་གོ་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་ཐུན་མོང་ཐོག་བདེ་སྐྱིད་སྐྲུན་དགོས། རྒྱལ་སྤྱིའི་རུའུ་ལུགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རུའུ་ལུགས་རིག་པ་སྦྲེལ་ཐག་ཏུ་བྱས་ཏེ་འཛམ་གླིང་ལ་ཕྱོགས་པ་དང་འཛམ་གླིང་ཤེས་རྟོགས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་མ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།