ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཐོན་ཟོག་ལའང“སྤུས་རྟགས་ཀྱི་དང་དོད”ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཞིང་ལས་ཐོན་ཟོག་བརྗེ་རེས་ཚོང་འདུས་ཐོག“ཞིང་གསུམ”ལ་བལྟ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་མང་པོ་ཞིག་གིས་རང་ཉིད་ཀྱི་གྱོན་གོས་དང་། ལག་ཐོགས་ཁ་པར། རླངས་འཁོར་བཅས་ཀྱི་སྤུས་རྟགས་ཤེས་ཀྱི་ཡོད་མོད། འོན་ཀྱང་རང་ཉིད་ཀྱིས་ཟ་བའི་འབྲས་དང་། སྔོ་ཚལ། ཤ་ལ་སོགས་གང་འདྲ་ཞིག་ཡིན་མིན་ཤོད་ཤེས་ཀྱི་མེད། ཉེ་ཆར་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་ཟོག་བརྗེ་རེས་ཚོང་འདུས་སྐབས་བཅུ་བདུན་པའི་ཐོག་ཞིང་ལས་སྤུས་རྟགས་གཏོད་རྒྱུ་དེ་དོ་ཁུར་ཆེན་པོ་བྱེད་པའི་གླེང་མང་བའི་མིང་ཚིག་ཏུ་གྱུར་ཡོད། 

ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་ཟོག་བརྗེ་རེས་ཚོང་འདུས་སྐབས་བཅུ་བདུན་པའི་འགྲེམས་ཁང་ཁག་ཏུ་སྐྱོད་སྐབས་གང་སར་ཞིང་ལས་སྤུས་རྟགས་ཅན་མཐོང་རྒྱུ་ཡོད་ཅིང་། ཅང་ཤིས་ལྷོ་རྒྱུད་ཀྱི་ཚ་ལུ་མ་དང་། ཤུས་དབྱིའི་ཤ་སྨི་འབྲུག་དབྱིབས་མ། ཝུའུ་ཁྲང་གི་འབྲས་བཅས་དང་། ཨན་ཧུའེ་རྟགས་ཅན་གྱི་སྤུས་རྟགས་ཁུལ་དང་། ཀན་སུའུ་ཡི་སྤུས་རྟགས་ཁུལ། ཆུང་ཏའོ་གླིང་ཕྲན་ཚ་ཁུལ་གྱི་སྤུས་རྟགས་ཁུལ། རྒྱལ་ཡོངས་ཀྱི་སྤུས་རྟགས་ཞིང་ལས་ཐོན་ཟོག་ཆེད་དོན་འོས་སྦྱོར་བྱེད་སྒོ ཀྲུང་གོའི་ཞིང་ལས་སྤུས་རྟགས་གཏོད་པའི་མཐོ་རིམ་གླེང་སྟེགས་གཉེར་བ་ལ་སོགས་རེད། 

ལས་རིགས་ནང་ཁུལ་གྱི་མི་སྣས་རང་རྒྱལ་གྱི་ཞིང་ལས་ཐད་དུས་ཡུན་རིང་པོའི་ནང་ཞིང་ལས་ཆུང་བ་གཉེར་སྐྱོང་བྱ་རྒྱུ་གཙོ་བོར་བྱས་ཏེ་སྤུས་རྟགས་གཏོད་རྒྱུ་རྗེས་ལུས་ཐེབས་ཡོད། ད་ཆ་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་མི་སེར་གྱི་ཞིང་ལས་ཐོན་ཟོག་གི་སྤུས་ཚད་ཀྱི་བླང་བྱ་མཐོ་རུ་ཕྱིན་ཏེ་ཞིང་ལས་ཀྱི་སྤུས་རྟགས་གཏོད་རྒྱུའང་དེ་དང་བསྟུན་ནས་མགྱོགས་སུ་ཕྱིན་ཡོད་ཅེས་བསྟན་པ་རེད། 

ཚོང་འདུས་ཀྱི་འགྲེམས་ཁང་དུ་ཧུའུ་པེའི་ཁོ་ཁོ(ཅིང་མོན)ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་དྲ་ཐོག་ཚོང་དོན་པུའུ་ཡི་ཅིང་ལི་ཧུའུ་ཅུན་ཧྭ་ཡིས་འགྲོ་འོང་བྱེད་མཁན་མི་སྣར་ཀུང་སིའི“གླིང་ཕྲན་ཚ་ལུ་མ”འོས་སྦྱོར་བྱས་པ་དང“དེ་ནི་ངེད་ཚོས་ན་ནིང་ཐོ་འགོད་བྱས་པའི་སྤུས་རྟགས་ཡིན་ཞིང། ཚ་ལུ་མ་དེ་ཅིང་མོན་ཀྲང་ཧོ་གཙང་པོའི་ལྟེ་གནས་ཀྱི་གླིང་ཕྲན་ཞིག་ཏུ་སྐྱེས་སྟབས་གླིང་ཕྲན་ཚ་ལུ་མ་ཞེས་བརྗོད་པ་དང་གླིང་ཕྲན་དེའི་ཁོར་ཡུག་ཡག་ལ་ཚ་ལུ་མའི་སྤུས་ཀའང་དེ་བས་ཡག་པོ་ཡོད”ཅེས་ཧུའུ་ཅུན་ཧྭ་ཡིས་བཤད་པ་དང་ཁོང་གི་ངོས་ནས་སྤུས་ཀ་ནི་སྤུས་རྟགས་ཀྱི་རྨང་གཞི་ཡིན་ལ་སྤུས་རྟགས་ནི་སྤུས་ཀ་འགན་ལེན་བྱེད་པ་ཞིག་རེད། 

འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་མང་པོ་ཞིག་གིས་དེང་སྐབས་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་ཐད་དོ་ཁུར་ཆེན་པོ་བྱེད་པ་དང་དེས་ན་སྤུས་རྟགས་ཅན་ནི་གནད་དོན་དེ་རིགས་ཐག་གཅོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ཞིང་། སྤུས་རྟགས་ཡོད་ཚེ་དེ་བས་ཁུངས་འདེད་ཐུབ་ཀྱི་ཡོད་ཅེས་བཤད། 

ཀྲུང་གོ་ཞིང་སྦོལ་འགྲེམས་སྟོན་ཁུལ་གྱི་གཞོགས་གཉིས་སུ་སྤུས་རྟགས་ཀྱི་མིང་ལྡག་ལྡག་བྲིས་པའི“སྤུས་རྟགས་གྱང”དང་ཞིང་སྦོལ་ཞིང་ལས་ཐོན་ཟོག་གི་ཕྱོགས་ཡོངས་ཀྱི་སྤུས་ཚད་དོ་དམ་ཁུངས་འདེད་ལས་སྟེགས་ཤིག་ཡོད་པ་གསར་འགོད་པས་མཐོང་བྱུང་། “ངེད་ཚོའི་སྤུས་ཚད་དོ་དམ་ཁུངས་འདེད་ལས་སྟེགས་ཀྱིས་ཁེ་ལས་700ལྷག་ཙམ་ལ་ཞབས་ཞུ་བྱས་ཏེ་ཁོང་ཚོས་སྤུས་རྟགས་གཏོད་ཆེད་འདེགས་སྐྱོར་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་ཞིང་སྦོལ་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱི་བཟོ་བཀོད་པ་ཝང་ཡེ་ལེས་ཤིང་ཏོག་ཡིའུ་ཙེ་སྒམ་གཅིག་བཏེགས་ཏེ་ལག་ཐོགས་ཁ་པར་ནས་དེའི་ཐོག་གི་རྩ་གཉིས་ཨང་རྟགས་བཤེར་བས་ཤིང་ཏོག་ཡིའུ་ཙེའི་ཐོན་སྐྱེད་ཆ་འཕྲིན་གསལ་པོར་མངོན། 

སྤུས་རྟགས་ཅན་གྱིས་གྲོང་མིའི་བཟའ་བཅའི་བདེ་འཇགས་ཐད་ཀྱི་སེམས་ཁྲལ་སེལ་ཐུབ་པ་མ་ཟད་ཞིང་པའི་ཁེ་ཕན་ཡང་ཆེ་རུ་ཕྱིན་ཡོད། “‘ལིང་མཚོན་བྱེད’འབྲས་ཀྱིས་འབྲས་ཀྱི་སྤུས་ཀ་ཡག་པོ་ཡོད་པ་མཚོན་ཐུབ”ཚོང་འདུས་ཐོག་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཨན་དབྱི་རྫོང་གི་འབྲུ་རིགས་འདེབས་འཛུགས་དུས་ཆེན་ལིང་ཅིས་ཧོའི“ལིང་མཚོན་བྱེད”འབྲས་རྒྱ་མ་རེར་སྒོར་18ཡིན་མོད། འོན་ཀྱང་སྔར་བཞིན་ཡིད་སྨོན་སྐྱེས་ནས་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་མཁན་ཚོང་པ་མི་ཉུང་བ་ཞིག་ཡོད། 
“ཁོང་ཚོས་ངའི་འབྲས་ཉོ་འདོད་བྱེད་དོན་ནི་ངེད་ཚོའི་སྤུས་རྟགས་ལ་བློས་འཁེལ་བས་ཡིན”ཞེས་ལིང་ཅིས་ཧོས་བཤད་པ་དང་སྤུས་རྟགས་ཀྱི་ཕན་འབྲས་ལ་བརྟེན་ནས་ཁོང་གི་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་4.4ཟིན་པ་དང་ཚབ་གཉེར་རྒྱ་ཁྱོན་མུའུ་ཁྲི་15.8ཟིན་ནས་ན་ནིང་འབྲས་བཙོངས་པ་ཁོ་ནར་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བྱུང་བ་རེད། 

མ་གཞི་རང་རྒྱལ་གྱི་ཞིང་ལས་སྤུས་རྟགས་གཏོད་རྒྱུ་དེ་མགྱོགས་ལམ་དུ་བསྐྱོད་མོད། འོན་ཀྱང་སྤྱི་ཡོངས་ནས་སྔར་བཞིན་གོམ་སྟབས་སྤོ་འགོ་ཚུགས་པའི་དུས་མཚམས་སུ་གནས་པ་དང་ཞིང་ལས་ཐོན་ཟོག་རིམ་པ་དབྱེ་བ་དང་ཐུམ་སྒྲིལ་དང་ཚོང་གཉེར་བྱེད་ཚད་ད་དུང་མི་འདང་ལ་ཞིང་ལས་ཐོན་ཟོག་སོས་པ་མཛོད་ཉར་སོས་ཉར་དང་གྲང་འདྲེན་ཟོག་འགྲེམས་ཀྱི་སྒྲིག་བཀོད་ད་དུང་འཐུས་སྒོ་ཚང་པོ་མེད་པའི་ཁར་ཞིང་ལས་ཐོན་ཟོག་འཁོར་རྒྱུག་གི་ལས་ཕྱོད་མཐོ་པོ་མེད་པ་མ་ཟད། མ་གནས་མཐོ་བ་དང་འཛམ་གླིང་དུ་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་གྲགས་ཅན་སྤུས་རྟགས་དཀོན་པོ་ཡོད་པ་རེད།

ཀྲུང་གོའི་སྤུས་རྟགས་གཏོད་པའི་སྐུལ་འདེད་ཚོགས་འདུའི་ལས་འཛིན་དཔོན་ལིའུ་ཕིང་ཅུན་གྱིས་གོམ་སྟབས་རྗེས་མར་རང་རྒྱལ་གྱིས་སྤུས་རྟགས་ཀྱི་ཁྲིད་སྟོན་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ལྗང་མདོག་སྤུས་ལེགས་དང་འཚོ་བཅུད་ལྡན་ལ་སྐྱོན་བྲལ་གྱི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་བྱེད་མང་དུ་བཏང་ནས་ཞིང་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།