ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨ་མན་ལ་དངོས་གཞིའི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2019-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཨ་མན་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མིན་ཙི་ལིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཨ་མན་ལ་དངོས་གཞིའི་འཚམས་འདྲི་མཛད། འདི་ནི་ཝང་དབྱང་གིས་ཨ་མན་ནང་སྲིད་ལས་དོན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཧྥ་ཧི་ཏི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་མན་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མིན་ཙི་ལིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཨ་མན་ལ་དངོས་གཞིའི་འཚམས་འདྲི་མཛད་ནས། ནང་སྲིད་ལས་དོན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཧྥ་ཧི་ཏི་དང་། ཨ་མན་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་མཱ་ཝ་ལིས་གཉིས་ལ་མཇལ་འཕྲད་གནང་བར་མ་ཟད། མིན་ཙི་ལིས་དང་གྲོས་མོལ་མཛད།

ཧྥ་ཧི་ཏི་ལ་མཇལ་འཕྲད་གནང་སྐབས། ཝང་དབྱང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ཏན་ཁ་པུའུ་སི་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་མཛད། ཝང་དབྱང་གིས་གསུངས་རྒྱུར། མཛའ་བརྩེ་དང་མཉམ་ལས་ནི་ནམ་ཡིན་ཡང་ཀྲུང་གོ་དང་ཨ་མན་གྱི་ལས་དོན་གཙོ་བོ་ཡིན། ན་ནིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་མན་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོ་དང་ཨ་མན་གྱི་ཁྱབ་ཁོངས་ས་སོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དེ་ཨ་མན་གྱི་ཉིས་སྟོང་བཞི་བཅུ་ལོའི་རེ་སྨོན་སོགས་འཕེལ་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། མཉམ་ལས་ཀྱི་འཕར་སྣོན་བྱེད་གནས་སྔར་ལས་མང་པོ་སྔོག་འདོན་བྱས་ཏེ། དངོས་གཉེར་མཉམ་ལས་ཀྱི་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་བྱེད་འདོད་ཡོད། ང་ཚོས་ཨ་མན་ཕྱོགས་ཀྱིས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་གྱི་གནད་དོན་ཐད་ནས་ལངས་ཕྱོགས་ཡང་དག་བཟུང་བར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཨ་མན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་མན་གྱིས་ས་ཁུལ་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཧྥ་ཧི་ཏི་ཡིས་ཝང་དབྱང་བརྒྱུད་ནས་སུའུ་ཏན་ཁ་པུའུ་སི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་བྱས། ཁོས་བསྟན་དོན། ཨ་མན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་ལས་སྔར་ལས་སྟོབས་དང་ལྡན་པར་རེ་སྨོན་བྱེད་བཞིན་ཡོད། ཨ་མན་དང་ཀྲུང་གོ་གཉིས་ཀྱིས་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་དང་གྲོས་མོལ་བརྒྱུད་དེ་འགལ་བ་ཐག་གཅོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་ལངས་ཕྱོགས་གཅིག་མཚུངས་ཡིན། ཨ་མན་གྱིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

མིན་ཙི་ལིས་དང་གྲོས་མོལ་མཛད་སྐབས། ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོས་ནམ་ཡིན་ཡང་ཨ་མན་ནི་དབུས་ཤར་མཚོ་ཁུགས་ས་ཁུལ་གྱི་གཉིས་ཕན་མཉམ་ལས་བྱེད་པའི་གྲོགས་པོ་བཟང་པོར་བརྩིས་ཡོད་ལ། ཨ་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་དོན་འཁྱོལ་བཟང་པོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཐོན་ལས་ས་ཁུལ། ནུས་ཁུངས། གསར་གཏོད་སོགས་ཀྱི་མཉམ་ལས་ལས་གཞི་ཆེན་པོ་བཟང་པོར་སྤེལ་ནས། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ཇེ་དམ་དུ་གཏོང་འདོད་ཡོད་ཟེར།

མིན་ཙི་ལིས་ཀྱིས་བསྟན་དོན། ཨ་མན་དང་ཀྲུང་གོའི་མཛའ་བརྩེའི་རྒྱུན་རིང་བ་དང་། ད་ལྟ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གོང་འཕེལ་བཟང་པོ་འབྱུང་བཞིན་ཡོད། ཨ་མན་གྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་ཡིད་ཆེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྣུམ་རླངས་དང་ནུས་ཁུངས་གསར་བ། ཐོན་ལས་ར་བ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ཀྱི་རྒྱལ་ཁབ་དག་གིས་མཉམ་དུ་དར་གོས་ཚོང་ལམ་དར་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཝ་ལིས་ལ་མཇལ་འཕྲད་གནང་སྐབས། ཝང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་འགན་ནུས་མཚམས་སྦྱོར་མཛད། ཝང་དབྱང་གིས་བསྟན་དོན། ཀྲུང་གོས་ཨ་མན་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཡིད་ཆེས་ཇེ་ཆེར་བཏང་ནས། སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཨ་མན་ལ་མ་དངུལ་གཏོང་དུ་འགྲོ་བར་རྒྱབ་སྐྱོར་བྱས་ནས། ཨ་མན་གྱི་གསར་དར་བཟོ་ལས་ཅན་དང་དཔལ་འབྱོར་གྲུབ་ཚུལ་གྱི་ཚུལ་སྒྱུར་རིམ་སྤོར་ལ་རོགས་རམ་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨ་མན་གྲོས་མོལ་གྲོས་ཚོགས་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

མཱ་ཝ་ལིས་ཀྱིས་བསྟན་དོན། ཨ་མན་དང་ཀྲུང་གོའི་ཆབ་སྲིད་འབྲེལ་བ་སྲ་བརྟན་ཡིན་པ་དང་། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་བསྣན་ཆོག ཨ་མན་གྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཨ་མན་ལ་མ་དངུལ་གཏོང་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། དེར་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད་ཟེར།

འཚམས་འདྲིའི་སྐབས་སུ། ཝང་དབྱང་གིས་ཨ་མན་དུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འགན་ཁུར་བའི་འཐུས་མི་དང་བཞུགས་མོལ་བརྗེ་རེས་མཛད་པར་མ་ཟད། ཨ་མན་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་བསྡུས་པའི་དགའ་བསུའི་བྱ་འགུལ་ལ་ཞུགས།

ཞ་པའོ་ལུང་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།