ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་ལ་མཇལ་འཕྲད་གནང་།

ས་དེའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་ལ་མཇལ་འཕྲད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་གཉིས་ནི་གལ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་དཔལ་འབྱོར་ཕུང་བོ་ཡིན་ལ། ནང་ཁུལ་ལ་མཚོན་ན་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཀྱི་འགན་འཁྲི་ལྕི་མོར་འཕྲད་ཡོད་པ་དང་། ཕྱི་ཕྱོགས་ལ་མཚོན་ན་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ཕྱོགས་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་ལྷོ་མའི་བར་དུ་མཉམ་ལས་དམ་པོ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བཟང་པོ་དང་དེ་འཕེལ་རྒྱས་བཟང་པོ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་མུ་མཐུད་དུ་སྲུང་འཛིན་བྱས་ཏེ། ཏང་བར་གྱི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། དམིགས་བསལ་གྱི་མཛས་བརྩེ་དང་ཚད་མཐོའི་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཉོ་འཚོང་དང་དངུལ་གཏོང་ཧུར་ཐག་གིས་རྒྱ་བསྐྱེད་པ། ཐོན་ནུས་ཐོན་ལས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་དགོས། ཀྲུང་གོས་ཨ་ཧྥེ་རི་ཁ་ལྷོ་མ་དང་མཉམ་དུ་འབད་བརྩོན་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་འཛུགས་སྐྲུན་སྤེལ་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ལཱ་མ་ཧྥུའུ་ས་ཡིས་ཨ་ཧྥེ་རི་ཁ་ལྷོ་མས་ཕྱོགས་གཉིས་བར་གྱི་འབྱོར་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཨ་ཧྥེ་རི་ཁ་ལྷོ་མར་དངུལ་གཏོང་ལས་སྤེལ་བྱེད་དུ་ཡོང་བར་དགའ་བསུ་ཞུ་བ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།