ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས2020ལོའི་ཏང་དེབ་ཏང་ཚགས་འགྲེམས་སྤེལ་ལས་དོན་སྤེལ་རྒྱུའི་སྐོར་ལ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན2020ལོའི་ཏང་གི་དུས་དེབ་དང་ཏང་གི་ཚགས་པར་འགྲེམས་སྤེལ་ལས་དོན་སྐོར་གྱི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་ཀྱི་མཐོ་ས་ནས་དུས་བབ་གསར་པའི་འོག་ཏང་གི་དུས་དེབ་དང་ཏང་གི་ཚག་པར་འགྲེམས་སྤེལ་ལས་དོན་ཡག་པོ་བསྒྲུབ་དགོས་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མི་དམངས་ཉིན་རེའི་ཚགས་པར་དང་། 《བདེན་འཚོལ》དུས་དེབ། དེ་མིན་འོད་ཟེར་ཉིན་རེའི་ཚགས་པར་དང་དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་གཙོ་གནད་ཅན་གྱི་ཏང་དེབ་དང་ཏང་ཚགས་འགྲེམས་སྤེལ་ལས་དོན་ལ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཏང་དེབ་ཏང་ཚགས་ཀྱི་རྒྱུད་སྒྲོག་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་ཇེ་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ས་གནས་སོ་སོའི་སྡེ་ཚན་ཁག་གིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་སྔོན་མངགས་ལས་འགན་དོན་འཁྱོལ་བྱེད་པ་དང་། མངགས་ཉོའི་གྲོན་དངུལ་འགན་ལེན་བྱེད་པ། ཕུགས་ཕན་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ནས་ཏང་གི་དུས་དེབ་དང་ཏང་གི་ཚགས་པར་འགྲེམས་སྤེལ་བྱེད་པར་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སྤྱོད་མཁན་གྱི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འགྲེམས་སྤེལ་གྱི་འཆར་གཞི་བཟོ་བ། པར་འདེབས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ། འགྲེམས་སྤེལ་བྱེད་པའི་དྲ་བ་དང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་འགྲེམས་སྤེལ་གྱི་སྤུས་ཚད་མཐོ་འདེགས་སུ་གཏོང་དགོས། ཚགས་པར་དང་དུས་དེབ་འགྲེམས་སྤེལ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་ཏེ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་འགལ་འགྲེམས་སྤེལ་ལ་མུ་མཐུད་དུ་བཅོས་སྒྲིག་ཡག་པོ་བྱེད་པ། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་པ། ཏང་གི་དུས་དེབ་མིན་པའི་དུས་དེབ་དང་ཚགས་པར་རྣམས་སྒྲིག་འགལ་ངང་འགྲེམས་སྤེལ་བྱེད་པའི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

ཚོགས་འདུའི་ཐོག་ཚགས་པར་དང་དུས་དེབ་ཡག་པོ་གཉེར་རྒྱུ་ནི་འགྲེམས་སྤེལ་ཡག་པོ་བྱེད་པའི་རྨང་གཞི་ཡིན་པ་དང་། ཏང་གི་དུས་དེབ་དང་ཏང་གི་ཚགས་པར་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱབ་སྟེ་ནང་དོན་ཐོན་སྐྱེད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མུ་མཐུད་དུ་རྩོམ་སྲོལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ཚགས་པར་དང་དུས་དེབ་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཡིད་དབང་འགུགས་ནུས་ཆེ་རུ་གཏོང་དགོས། དྲ་སྦྲེལ་གྱི་ཁྱབ་སྤེལ་ཆོས་ཉིད་དང་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཆོས་ཉིད་དང་འཚམ་པ་བྱས་ཏེ་གཏིང་ཟབ་སྒོས་སྨྱན་སྦྱོར་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འཚོ་གནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ནན་འཛིན་བྱེད་དགོས། ཏང་གི་དུས་དེབ་དང་ཏང་གི་ཚགས་པར་ལ་ལྟ་ཀློག་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དྲིལ་བསྒྲགས་དང་འོས་སྦྱོར་ཡག་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ཏང་ཡོན་ལ་ཏང་གི་དུས་དེབ་དང་ཏང་གི་ཚགས་པར་ཀློག་པའི་གོམས་གཤིས་འཇགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་གི་དུས་དེབ་ལྟ་ཀློག་བྱེད་ཚད་མཐོ་འདེགས་ནུས་ལྡན་དུ་གཏོང་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།