ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དྲུག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དེང་སྐབས་ཀྱི་ཞིང་ལས་བྱ་བའི་ཡར་ཞུ་ལ་ཉན་ཞིང་། ཞིང་ལས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་། ཞིང་ལས་ཐོན་རྫས་གཙ་བོའི་མཁོ་འདོན་ལ་འགན་སྲུང་དང་རིན་གོང་གཏན་འཇགས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་དོན་གྱི་རྗེས་མཐུད་བྱ་བ་ལེགས་པོར་བསྒྲུབ་པར་བཀོད་སྒྲིག་བྱས་ཏེ། སྔར་ལས་སྒོ་འབྱེད་པའི་ཆུ་ཚད་དང་། ཉོ་འཚོང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་།

གྲོས་ཚོགས་སྟེང་། ད་ལོར་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པས། ཞིང་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་ལོ་ཧྲིལ་པོར་ལོ་ལེགས་འབྱུང་བའི་གནས་བབ་ངེས་གཏན་ཡིན་ཞིང་། ཐོན་ཚད་བསྟུད་མར་ལོ་ལྔ་པར་རྒྱ་མ་དུང་ཕྱུར་ཁྲི་གཅིག་དང་སྟོང་གསུམ་ལ་བསླེབ་ངེས། ཕག་གསོ་བའི་བྱེད་ཐབས་སྣ་ཚོགས་མྱུར་དུ་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། ཞིང་ལས་ཐོན་རྫས་གལ་ཆེན་དག་བརྟན་བརླིང་ངངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཡིན་ནའང་ཚལ་སླེ་ཐོན་རྫས་ཁ་ཤས་ཀྱི་རིན་གོང་འཕར་བ་ཅུང་མགྱོགས་པས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། རྗེས་མར་གཅིག་ནས་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ་དང་ཚལ་སླེའི་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་མཉམ་དུ། ས་ཁུལ་སོ་སོས་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་གོང་འཕར་བར་ཟུང་སྦྲེལ་བྱེད་པའི་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས། གཉིས་ནས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་ལྷོད་མེད་བྱས་ཏེ་བློ་ཐག་རྦད་ཆོད་ཀྱིས་ཕོར་བ་རང་གི་ལག་ཏུ་འཛིན་དགོས། གསུམ་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཞིང་སའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གནོད་འཚེའི་ཁྲོད་གཏོར་བརླགས་ཐེབས་པའི་ཆུ་བེད་བཟོ་སྐྲུན་མྱུར་དུ་ཉམས་གསོ་བྱེད་དགོས་ལ། ཆུ་རྐྱེན་འཛོམས་པའི་ཆུ་བེད་བཟོ་སྐྲུན་ཆེ་གྲས་ཀྱི་རིགས་མྱུར་དུ་འཛུགས་སྐྲུན་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་བསྟུད་མར་ཇེ་ལེགས་སུ་གཏོང་དགོས། ང་ཚོར་འབྲུ་རིགས་ཕལ་ཆེར་རང་ཁ་རང་གསོ་བྱེད་པ་དང་བཟའ་འབྲུ་ཧ་ཅང་བདེ་འཇགས་ཅན་དུ་གཏོང་བའི་ནུས་པ་ལྡན་ཞེས་བསྟན།

གྲོས་ཚོགས་སྟེང་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་་དམིགས་འབེན་བྱས་ཏེ་ཚད་གཞི་མཐོན་པོས་ཞིང་ས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གཏན་འབེབས་བྱས། གཅིག ཞིང་སའི་སྲུང་སྐྱོབ་དང་། ཞིང་སའི་ཐོན་ཚད་མཐོར་འདེགས། ཕན་འབྲས་མཐོ་བའི་ཞིང་ཆུ་འདྲེན་པ་བཅས་འབུར་དུ་ཐོན་པར་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོར་བསླེབ་སྐབས་ཚད་གཞི་མཐོན་པོའི་ཞིང་ས་མུའུ་དུང་ཕྱུར་བཅུ་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱས་ནས། འབྲུ་རིགས་རྒྱ་མ་དུང་ཕྱུར་ཁྲི་གཅིག་ཐོན་སྐྱེད་བྱེད་པའི་ནུས་པར་འགན་སྲུང་བྱ་དགོས་པ། གཉིས། ཞིང་སའི་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་བརྟན་བརླིང་སྒོས་འཕར་བར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་ས་ཕྱིར་འཚོང་གི་ཡོང་སྒོ་ཇེ་མཐོ་དང་ས་གནས་སྲིད་གཞུང་གི་དངུལ་འཛིན་གྱིས་ཚད་གཞི་མཐོན་པོའི་ཞིང་ས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ཐབས་ཤེས་སྣ་མང་སྤྱད་དེ་སྤྱི་ཚོགས་སྟོབས་ཤུགས་འཛུགས་སྐྲུན་ཁྲོད་ཞུགས་པར་འགུག་པ། གསུམ། ཞིང་ས་བཀོལ་བ་དང་ཞིང་ས་གསོ་བ་གཉིས་ཟུང་སྦྲེལ་བྱེད་པའི་ལུགས་མཐུན་གྱི་རྨོ་འདེབས་ལམ་ལུགས་ཤིག་འཚོལ་ཞིབ་བྱས་ཏེ། ཚད་གཞི་མཐོན་པོའི་ཞིང་ས་ཇེ་ཉུང་དུ་མི་འགྲོ་བ་དང་དེའི་རྒྱུ་སྤུས་ཇེ་ཞན་དུ་མི་འགྲོ་བར་ཁག་ཐེག་བྱེད་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།