ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་གྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125192230_15728919588311n.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེ་གོ་མན་ཀུའུ་ནས་ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་གྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་དགོང་མོར་ཐེ་གོ་མན་ཀུའུ་ནས་ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་གྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུ་དང་ཧན་གོ འཇར་པན། ཨོ་སི་ཁྲི་ལི་ཡ། ནེའུ་ཙི་ལན། རྒྱ་གར་བཅས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གྲོས་ཚོགས་ལ་ཞུགས། ཐེ་གོའི་ཙུང་ལི་པ་ཡུས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་གསུང་བཤད་ནང་བསྟན་དོན། གྲོས་མཐུན་གྲོས་མོལ་ཐད་ནས་ལོ་བདུན་རིང་འགོར་བ་དང་། དེ་རིང་ང་ཚོས་དངོས་སུ་ཕྱི་ཕྱོགས་ལ་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་གྲོས་མོལ་སྤྱི་ཁོག་ནས་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་སོ་སོས་གྲོས་མོལ་བྱས་ནས་འབྲེལ་ཡོད་རྗེས་མཐུད་གནད་དོན་ཐག་གཅོད་པའི་ཐད་ནས་ཀྱང་བཀོད་སྒྲིག་བྱས། དེས་འཛམ་གླིང་སྟེང་མི་གྲངས་ཆེས་མང་བ་དང་ཁོངས་གཏོགས་གྲུབ་ཚུལ་ཆེས་སྣ་མང་བ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེས་ཆེ་བའི་ཨེ་ཤ་ཡ་ཤར་མའི་རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་ཐད་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱས་པ་མཚོན་ཡོད། གྲོས་མོལ་གྱིས་ཕྱོགས་སོ་སོའི་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་ལ་ལྟ་སྐྱོང་བྱས་པ་དང་། དེའི་ཁྲོད་ཞུགས་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ཀྱི་ཞུ་གཏུག་གི་ཆེས་ཆེ་བའི་སྤྱིའི་བགོ་གྲངས་མངོན་པར་བྱས་ཡོད། དེས་ས་ཁུལ་དང་རྒྱལ་ཁབ་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ལ་འཕྲད་པའི་རྒྱབ་ལྗོངས་འོག ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བའི་རྒྱུད་རིམ་ཇེ་མགྱོགས་སུ་གཏོང་བར་ཕན་འདོགས་ཐུབ་པར་ཟད། སྲུང་སྐྱོབ་རིང་ལུགས་ཀྱི་མགོ་བོ་དགྱེ་བའི་རྒྱབ་ལྗོངས་འོག རྒྱལ་ཁབ་སོ་སོས་མཉམ་དུ་ཉེན་ཁ་དང་འགྲན་རྩོད་འགོག་རྒོལ་བྱེད་པའི་སྔོན་དཔག་མཐོར་འདེགས་བྱེད་པར་ཡང་ཕན་འདོགས་ཐུབ། ཕྱོགས་སོ་སོས་ངར་ཤུགས་གཅིག་སྒྲིམ་གྱིས་ལོ་མཇུག་བར་དུ་འཕྲོར་ལྷག་གནད་དོན་ཉུང་ཤས་ཐད་ཀྱི་གྲོས་མོལ་ཡོངས་འགྲུབ་བྱེད་པ་དང་། གྲོས་མཐུན་འགོད་ཆོག་པའི་ཁྲིམས་ལུགས་ཀྱི་ཡིག་ཆ་ཆ་ཚང་གྲ་སྒྲིག་བྱེད་པ། རྒྱལ་ནང་རྒྱུད་རིམ་ཇེ་མགྱོགས་སུ་བཏང་སྟེ། གྲོས་མཐུན་དེ་སང་ལོའི་འགོ་ཁྲིད་མི་སྣའི་གྲོས་ཚོགས་སྟེང་དངོས་སུ་འགོད་ཐུབ་པར་ཁག་ཐེག་བྱེད་པ་དང་། གྲོས་མོལ་གྱི་གྲུབ་འབྲས་ཀྱིས་སྔ་མོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་འདོགས་ཐུབ་པར་བྱེད་དགོས། ཀྲུང་གོས་ཕན་ཚུན་ལ་བཟོད་སྒོམ་དང་གཟུར་བཤོལ་བྱེད་པའི་དགོངས་པ་ལྟར། ཕྱོགས་སོ་སོ་དང་མཉམ་དུ། མུ་མཐུད་དུ་རྒྱ་གར་བར་གྱི་གྲོས་མོལ་ཁྲོད་འཕྲད་པའི་གནད་དོན་ལ་གྲོས་མོལ་བྱས་ནས་ཐག་གཅོད་འདོད་ཡོད་པ་དང་། རྒྱ་གར་སྔ་མོ་ནས་གྲོས་མཐུན་ཁྲོད་ཞུགས་པར་དགའ་བསུ་ཞུ་ཡིན་ཡོད་ཟེར།

རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣས་གྲོས་མོལ་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། མཐའ་གཅིག་ཏུ་མིག་སྔའི་གནས་བབ་འོག གྲོས་མོལ་ལེགས་འགྲུབ་བྱུང་བ་དེས། ཕྱི་ཕྱོགས་ལ་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་ཕྱོགས་མང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་ཆ་འཕྲིན་སྤེལ་བ་དང་། ས་ཁུལ་གྱི་ཉོ་ཚོང་དང་དབུལ་གཏོང་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བ། རྒྱལ་ཁབ་སོ་སོས་འགྲན་རྩོད་ལ་ཁ་གཏད་འཇལ་བར་རོགས་བྱེད་པ། ས་ཁུལ་གྱི་མ་འོངས་འཕེལ་རྒྱས་ཀྱི་སྦས་ཤུགས་ཇེ་དྲག་ཏུ་གཏོང་བ། ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་བདེ་སྐྱིད་བསྐྲུན་པའི་ཐད་ཕན་འདོགས་ཐུབ་ཟེར། ཕྱོགས་སོ་སོས་སང་ལོའི་འགོ་ཁྲིད་མི་སྣའི་གྲོས་ཚོགས་སྟེང་གྲོས་མཐུན་དེ་འགོད་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།