ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་དང་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཧ་སག་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་སི་མའེ་ལུའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125190719_15728592904721n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་ཟླ་11པའི་ཚེས་4ཉིན་པེ་ཅིང་དུ་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་དང་ཨུ་ཡོན་ལྷན་ཁང་གི་ཧ་སག་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་སི་མའེ་ལུའོ་ཧྥུའུ་ལ་མཇལ་འཕྲད་གནང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་བསྡུས།     

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་27འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་ཕྱིན་ནས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་བར་དུ་གྲུབ་འབྲས་བཟང་བོ་བྱུང་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ངེས་གནས་གསར་པ་དང་ནང་དོན་གསར་པ་བསྣན་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཕྱེས་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།     

 ཧན་ཀྲིན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་དེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་ལ་སྤྱི་འདོམས་དང་། མཐུན་སྦྱོར། མཛུབ་ཁྲིད་བཅས་བྱེད་པའི་སྲིད་གཞུང་བར་གྱི་ལམ་སྲོལ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་ཚོགས་པའི་ཚུན་དུ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་ལ་རྨང་གཞི་བརྟན་པོ་དང་། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ལ། མདུན་ལམ་ཆེན་པོ་ཡོད། དུས་རིམ་རྗེས་མར་ཕྱོགས་གཉིས་ཀྱིས་གཙོ་གནད་ལ་དམིགས་པ་མཐའ་འཁྱོངས་ཀྱིས་མཉམ་ལས་རྣམ་གྲངས་གལ་ཆེན་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འབྲེལ་མཐུད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང“འོད་ཟེར་ལམ་བུའི”མཉམ་སྐྲུན་གྱི་དཔལ་འབྱོར་སྲིད་ཇུས་གསར་པའི་སྦྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་ལམ་ཐིག་དོན་འཁྱོལ་ཡག་པོ་བྱེད་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་ཤུགས་བསྣན་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་དགོས། དཀའ་གནད་སེལ་རྒྱུར་ཤུགས་སྣོན་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཁྲོད་ཀྱི་འགལ་རྐྱེན་སེལ་དགོས་པ་དང་། ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་ནས་ཕྱོགས་གཉིས་ཀྱི་ཁེ་ལས་མཉམ་ལས་ནང་ཞུགས་པའི་བདེ་འཇགས་ཚོར་བ་ཆེ་རུ་གཏོང་དགོས་ཟེར།    

སི་མའེ་ལུའོ་ཧྥུའུ་ཡིས་ད་ལོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པས་ཕྱོགས་གཉིས་ཀ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བའི་ལས་འགན་དང་འཕྲད་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་སྟེགས་བུ་ཡིན་པས་ཧ་སག་སི་ཐན་ཕྱོགས་ཀྱིས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཚོང་དོན་དང་། དངུལ་རྩ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྔ་མོ་ནས་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།    

 ཚོགས་འདུ་གྲོལ་རྗེས་ཧན་ཀྲིན་དང་སི་མའེ་ལུའོ་ཧྥུའུ་གཉིས་ཀྱིས《ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཟིན་བྲིས་གནད་བསྡུས》སྟེང་མིང་རྟགས་བཀོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།