ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་འབྲེལ་གཏམ་བཤད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་འབྲེལ་གཏམ་བཤད་གནང་བ་རེད། གཤམ་ནི་གཏམ་བཤད་ཀྱི་ནང་དོན་ཆ་ཚང་ཡིན། 

གུས་པར་འོས་པའི་ཙུང་ཐུང་མ་ཁེ་ལུང་དང་། གུས་པར་འོས་པའི་ཙུང་ལི་ཧོར་ཉི་སི། གུས་པར་འོས་པའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི། གུས་པར་འོས་པའི་ཙུང་ལི་པུར་ན་པིས་ཆི། གུས་པར་འོས་པའི་གྲོས་དཔོན་རྣམ་པ་དང་། གུས་པར་འོས་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་རྣམ་པ། གུས་པར་འོས་པའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་རྣམ་པ། སྐུ་ཞབས་རྣམ་པ། ལྕམ་མོ་རྣམ་པ། གྲོགས་པོ་རྣམ་པ།

འབྲས་ལྡན་ལོ་ལེགས་ཀྱི་སྟོན་དུས་འདིར་ཚང་མ་ཧོང་ཕུའུ་གཙང་འགྲམ་དུ་འཛོམས་པར་ཧ་ཅང་དགའ་པོ་བྱུང་། ད་ལྟ་ངས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་ཡིན།

ཐོག་མར་ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་ཡིན། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་གྲོགས་པོ་གསར་རྙིང་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་ཡིན།

ལོ་གཅིག་གི་སྔོན་ལ་ང་ཚོས་འདི་གར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་བདེ་བླག་ངང་གཉེར་ཡོད། དེ་རིང་གྲོགས་པོ་མང་པོ་ཞིག་ཁ་ཆད་ལྟར་སླེབས་ཤིང་། སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས“དུས་རབས་གསར་པར་འབྱུང་འགྱུར་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་རྒྱུན་མཐུད་བྱས་ཡོད། གྲོགས་པོ་རྣམས་དགའ་སྤྲོའི་ངང་ཕེབས་པ་དང་བློ་ཡིད་ཚིམ་ནས་ཕྱིར་ལོག་ཐུབ་པར་ང་ལ་ཡིད་ཆེས་ཡོད།

ལྕམ་མོ་ལྷན་རྒྱས་དང་། སྐུ་ཞབས་ལྷན་རྒྱས། གྲོགས་པོ་ལྷན་རྒྱས།

ན་ནིང་ངས་སྐབས་དང་པོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བའི་ཕྱོགས་ལྔའི་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་། ཧྲང་ཧའེ་ལ་སྒོ་མོ་སྔར་བས་འབྱེད་དགོས་པའི་བླང་བྱ་ཁག་གསུམ་བཏོན་ཡོད། ལོ་གཅིག་རིང་སྒོ་འབྱེད་བྱེད་ཐབས་དེ་དག་གཞི་རྩའི་ཆ་ནས་དོན་འཁྱོལ་བྱུང་ཡོད། དེའི་ནང་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལིན་ཀང་ཁུལ་གསར་པ་དངོས་སུ་བཙུགས་པ་དང་། དེར་དཔེ་བྱས་ནས་ཞིང་ཆེན་གཞན་དག་དུའང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ6བཙུགས་ཡོད། ད་རུང་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་གིས་ཚན་རྩལ་གསར་གཏོད་ཚན་པ་བཙུགས་པ་མ་ཟད་ཚོད་ལྟའི་ཐོ་འགོད་ལམ་ལུགས་དངོས་སུ་ལག་བསྟར་བྱས་ཟིན། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བརྩིས་ནས་དངོས་སུ་ལག་བསྟར་བྱས། ཉེ་བའི་ལོ་གཉིས་རིང་ཀྲུང་གོའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐད་སླར་ཡང་གོམ་སྟབས་གསར་པ་སྤོས་ཡོད་པ་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་ཁུལ་གྱི་འཐབ་ཇུས་ཆེན་པོ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གཞི་གཅིག་ཅན་གྱི་འཐབ་ཇུས་ཆེན་པོ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཐབ་ཇུས་ཆེན་པོ། རྨ་ཆུའི་རྒྱུག་ཁུལ་གྱི་སྣོད་བཅུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ། བྱང་ཤར་དར་རྒྱས་ཀྱི་འཐབ་ཇུས་ཆེན་པོ། ནུབ་རྒྱུད་གསར་སྤེལ་གྱི་འཐབ་ཇུས་ཆེན་པོ་བཅས་ལས་གཞན་ད་ལོར་འབྲི་ཆུའི་ཟུར་གསུམ་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་པ་གཏན་འཁེལ་བྱས་ཡོད། 《ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས》དེ་ཕྱི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། ཆོག་འཐུས་མ་བཀོད་གོང་གི་རྒྱལ་དམངས་ཀྱི་ཐོབ་ཐང་དང་ལྡོག་ཕྱོགས་རྩིས་ཁྲའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཟིན། ནང་འདྲེན་འབྱེད་རྒྱ་ཆེ་རུ་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་སྒོ་ཁྲལ་སྔར་བས་དམའ་རུ་གཏོང་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ན་ནིང་ངས་ནང་འདྲེན་དངོས་མང་སྟོན་ཚོགས་རིང་འཚོགས་པའི་ཕྱོགས་གཉིས་ཀྱི་བྱེད་སྒོའི་ནང་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་ལས་ཀྱི་དོན་ཚན98ལ་གྲོས་མཐུན་བཞག་པ་དང་། ད་ཆ་རྣམ་གྲངས་23རྩིས་བཤེར་བྱས་པ་དང་། རྣམ་གྲངས་47ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ལ། རྣམ་གྲངས་28ལའང་རྗེས་མཐུད་ཀྱི་སྐུལ་འདེད་གཏོང་བཞིན་ཡོད། ངས་འདི་གར་ལྷན་རྒྱས་ལ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་འཚོགས་རྗེས་ཀྲུང་གོས་བསྒྲུབས་པའི་བྱ་བ་སྙན་སེང་ཞུས་པ་དེའི་རྒྱུ་མཚན་ནི། ང་ཚོ་ཀྲུང་གོ་ནི་རྒྱལ་ཁབ་ཁ་བཤད་དོན་ལ་གནས་པ་ཅིག་ཡིན་པས་ང་ཚོས་བཤད་པའི་སྐད་ཆ་ཚང་མ་ལག་ལེན་ཏུ་བསྟར་དགོས་པ་ཡིན།  

ལྕམ་མོ་ལྷན་རྒྱས་དང་། སྐུ་ཞབས་ལྷན་རྒྱས། གྲོགས་པོ་ལྷན་རྒྱས།

དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། འབྲི་ཆུ་དང་། ཉི་ལུའོ་གཙང་པོ། ཡ་མ་ཤུན་གཙང་པོ། ཏའོ་ནའོ་གཙང་པོ་བཅས་ཉིན་མཚན་མེད་པར་མདུན་དུ་རྒྱུག་བཞིན་ཡོད་ཅིང་། སྐབས་འགར་ལྟག་ལོག་རྒྱག་པའི་རྦ་རླབས་འགའ་འབྱུང་སྲིད་པ་དང་། ཉེན་ཁ་ཆེ་བའི་ཆུ་འོག་བྲག་རྡོ་མང་པོར་ཡང་འཕྲད་སྲིད་མོད། འོན་ཀྱང་ཆུ་ཆེན་པོ་མདུན་དུ་བཞུར་བའི་འཕེལ་ཕྱོགས་ལ་སུས་ཀྱང་བཀག་འགོག་བྱེད་མི་ནུས།

འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་དེ་རྒྱལ་ཁབ་གཅིག་པུས་ཐག་གཅོད་བྱེད་མི་ཐུབ། རྒྱལ་ཁབ་ཁག་གིས་མིའི་རིགས་དམིགས་སུ་འཛིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་ལས་རང་ཉིད་ཀྱི་ཁེ་ཕན་དེ་མིའི་རིགས་ཀྱི་ཁེ་ཕན་གྱི་སྟེང་དུ་འཇོག་མི་རུང་། ང་ཚོས་སྔར་བས་སྒོ་དབྱེའི་སེམས་ཁམས་དང་བྱེད་ཐབས་ལ་བརྟེན་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཁྲོམ་ར་ཇེ་ཆེར་གཏོང་བ་དང་། གོ་ལ་ཧྲིལ་པོའི་མཉམ་སྤྱོད་ཀྱི་ལམ་སྲོལ་ཏན་ཏིག་བཟོ་བ། གོ་ལ་ཧྲིལ་པོའི་མཉམ་ལས་བྱེད་སྟངས་འཁྲུག་ཏུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་། འགོག་ཤུགས་ཇེ་ཆུང་ཏུ་གཏོང་བར་འབད་པ་བྱེད་རྒྱུ་ཡིན།

དེའི་ཕྱིར་ངས་གྲོས་འགོ་འདི་དག་འདོན་རྒྱུ་ཡིན།

དང་པོ། སྒོ་འབྱེད་མཉམ་ལས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱ་དགོས། དེང་གི་འཛམ་གླིང་དུ་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། གཅིག་ལ་གཅིག་རྟེན་གྱི་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་འདྲེས་གཏོང་བ་ནི་འཕེལ་ཕྱོགས་ཆེན་པོ་ཡིན། བར་ཐག་ཉེ་རུ་ཕྱིན་པ་དང་འགྲོ་འོང་མང་དུ་ཕྱིན་ན་གདོང་ཐུག་ཡོང་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད། འགལ་བ་དང་རྩོད་གཞིའི་མདུན་དུ་གྲོས་མོལ་དང་མཉམ་ལས་བྱ་རྒྱུ་ནི་ཡང་དག་པའི་འགྲོ་ལམ་ཡིན། འདྲ་མཉམ་དང་ཕན་ཚུན་བསམ་ཤེས་བཟོད་བསྲན་བྱས་ན་ཐག་གཅོད་མི་ཐུབ་པའི་དཀའ་གནད་མེད། ང་ཚོས་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་། སྤེལ་རེས་དང་མཉམ་ལས་ཟབ་སྤེལ། “ལག་གདང་སྦྲེལ་བ”རྒྱུན་འཁྱོངས་བཅས་བྱེད་པ་ལས་“ལག་པ་ལྷོད་པ་”དང་། “གྱང་བཤིག་”པ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱུན་ཆད་མེད་པར་ཉོ་ཚོང་ཉུང་དུ་གཏོང་བ་འགོག་པ་དང་། གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་སྔར་བས་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཚོང་རའི་དགོས་མཁོ་སྐྱེད་སྲིང་བཅས་བྱ་དགོས།

གཉིས་པ། མཉམ་དུ་སྒོ་འབྱེད་དང་གསར་གཏོད་བྱེད་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་དགོས། གསར་གཏོད་འཕེལ་རྒྱས་ནི་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པའི་གདམ་ག་ལྡོག་མེད་ཅིག་ཡིན། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དེ་ཐོལ་བརྒལ་གལ་ཆེན་ཡོང་བའི་ལོ་རྒྱུས་ཀྱི་འགག་རྩར་སླེབས་ཡོད། རྒྱལ་ཁབ་ཁག་གིས་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཤེས་བྱ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་འཁོར་རྒྱུག་ལ་ཚོད་འཛིན་བཟོ་བའི་འགོག་རྐྱེན་སེལ་གང་ཐུབ་བྱེད་པ་དང་། ཁེ་ལས་ཀྱིས་རང་ཚུགས་ངང་ལག་རྩལ་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གསར་གཏོད་ཀྱི་འབྱུང་ཁུངས་གང་ལེགས་ཐོན་པར་བྱེད་དགོས། ཤེས་བྱ་གསར་གཏོད་ལ་བརྟེན་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཆེད། ང་ཚོས་ཐུན་མོང་ཐོག་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་ལས་ཤེས་བྱའི་བཀག་སྡོམ་དང་ཚན་རྩལ་གྱི་འགལ་རྐྱེན་ཆེན་པོ་བཟོ་བར་གཏན་འགོག་བྱེད་དགོས།

གསུམ་པ། སྒོ་འབྱེད་མཉམ་སྤྱོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱ་དགོས། ང་ཚོས་ཁོང་ཡངས་གཉིས་ཕན་གྱི་འཕེལ་རྒྱས་མདུན་ལམ་དོན་གཉེར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། སྒྲིག་སྲོལ་གྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཉོ་ཚོང་དང་མ་འཇོག་གི་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཛམ་གླིང་ཅན་དུ་སྔར་བས་སྒོ་དབྱེ་བྱེད་པདང་། ཁོད་ཡངས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》དོན་འཁྱོལ་བྱས་ནས་དར་རྒྱས་མིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་དང་མང་ཚོགས་ལ་ཕན་ཁེ་དེ་བས་མང་པོ་བསྐྲུན་དགོས།

ལྕམ་མོ་ལྷན་རྒྱས་དང་། སྐུ་ཞབས་ལྷན་རྒྱས། གྲོགས་པོ་ལྷན་རྒྱས།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོས་སྒོ་མོ་འབྱེད་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་ངེས། ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་མ་ཐག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་གཏན་འབེབས་བྱས་པ་དེའི་ནང་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་མང་པོ་ཚུད་ཡོད། ང་ཚོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། སྒོ་འབྱེད་ལ་བརྟེན་ནས་བསྒྱུར་བཅོས་དང་འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན།

དང་པོ། ཁྲོམ་རའི་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་དགོས། ཀྲུང་གོར་མི་འབོར་དུང་ཕྱུར་14ཙམ་ཡོད་པ་དང་། ཡོང་འབབ་འབྲིང་གྲས་མང་ཚོགས་གཞི་ཁྱོན་ནི་གོ་ལ་ཧྲིལ་པོའི་ཆེ་ཤོས་ཡིན་པས། ཁྲོམ་རའི་གཞི་ཁྱོན་ཆེ་ལ་སྦས་ཤུགས་ཆེ་ཞིང་། མདུན་ལམ་རྒྱ་ཆེན་ལྡན། ཀྲུང་གོའི་མི་སེར་ཚོས“འཛམ་གླིང་ཇི་འདྲ་ཆེ་རུང་ལྟ་རུ་འགྲོ་འདོད་ཡོད”ཅེས་པའི་སྐད་ཆ་ཞིག་ཡོད། འདིར་ངས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་འདྲ་ཡོད་པས་ཚང་མ་ལྟ་རུ་ཡོང་རྒྱུར་དགའ་བསུ་ཞུས་པ་ཡིན། ཀྲུང་གོས་རྒྱལ་ནང་གི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་བཏང་ནས་དེ་བས་འཁྲུག་ཆ་དོད་པའི་རྒྱལ་ནང་གི་ཁྲོམ་ར་ཆེན་པོ་བསྐྲུན་ཏེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་བར་སྟོང་རྒྱ་ཆེར་སྐྲུན་རྒྱུ་ཡིན། ཀྲུང་གོས་ནང་འདྲེན་གྱི་ནུས་པར་སྔར་བས་མཐོང་ཆེན་བྱེད་པ་དང་། སྒོ་ཁྲལ་དང་ལམ་ལུགས་རང་བཞིན་གྱི་མ་གནས་སྔར་བས་དམའ་རུ་གཏོང་བ། ནང་འདྲེན་ཚོང་དོན་གྱི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་ཁག་གཅིག་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་ཁག་གི་སྤུས་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུའི་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ནང་འདྲེན་དང་ཕྱིར་གཏོང་དང་། དངོས་ཟོག་ཉོ་ཚོང་དང་ཞབས་ཞུའི་ཚོང་དོན། ཕྱོགས་གཉིས་པོའི་ཚོང་དོན་དང་ཕྱོགས་གཉིས་ཀྱི་མ་འཇོག ཉོ་ཚོང་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱུ་རྐྱེན་གཙོ་བོ་གོ་རིམ་ལྡན་པའི་ངང་རང་མོས་ཀྱིས་འཁོར་རྒྱུག་དང་། ཐོན་ཁུངས་ནུས་ཆེའི་སྒྲིག་བཀོད། ཁྲོམ་ར་མཉམ་འདྲེས་གཏིང་ཟབ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

གཉིས་པ། སྒོ་དབྱེའི་རྣམ་པ་མུ་མཐུད་དུ་འཐུས་ཚང་གཏོང་དགོས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་ནི་ཕྱོགས་ཡོངས་དང་ཁྱབ་ཁོངས་ཧྲིལ་པོ་ཞིག་ཡིན་པས་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་བློ་ཁོག་ཆེན་པོས་ཚོད་ལྟ་དང་བློ་ཁོག་ཆེན་པོས་མདུན་སྐྱོད་བྱ་རྒྱུར་མུ་མཐུད་སྐུལ་མ་བཏང་ནས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། ཞིང་ཆེན་ཡོངས་སུ་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན། སྒོ་འབྱེད་ཀྱི་མཐོ་ས་གསར་བ་གཏོད་པ་དང་། ཀྲུང་གོས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་ཁུལ་འཛུགས་སྐྲུན་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་མ་ཟད། རྨ་ཆུའི་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གསར་པ་བཟོས་ནས་སྒོ་དབྱེ་མཉམ་འགུལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། ཀྲུང་གོར་མ་ཡུམ་ཆུ་བོ་ཆེན་པོ་གཉིས་ཡོད་པའི་ནང་ནས་གཅིག་ལ་འབྲི་ཆུ་ཟེར་བ་དང་གཅིག་ལ་རྨ་ཆུ་ཟེར། ང་ཚོས་ཆུ་བོ་གཉིས་ཀྱི་འབབ་རྒྱུད་དུ་སྔར་ལས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱ་རྒྱུ་ཡིན།

གསུམ་པ། ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་ནི་ཁེ་ལས་འཚོ་གནས་འཕེལ་རྒྱས་ཀྱི་ཞིང་ས་ཡིན། འདི་ལོའི་ཟླ་10ཚེས་24ཉིན་འཛམ་གླིང་དངུལ་ཁང་གིས《2020ལོའི་ཚོང་གཉེར་ཁོར་ཡུག་སྙན་ཞུ》སྤེལ་བ་དང་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གི་ཨང་རིམ་46ནས་31བར་མཐོ་རུ་ཕྱིན་ནས་རིམ་པ15མཐོ་རུ་ཕྱིན་ཡོད། ཟླ་གོང་མར་ཀྲུང་གོས《ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་རེད། སླད་ཕྱིན་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ལ་གེགས་རྒྱ་ཐེབས་པའི་འགལ་བ་གཙོ་བོར་དམིགས་ཏེ་འགག་རྩའི་ལྷུ་ཚིགས་དང་ཁྱབ་ཁོངས་གལ་ཆེན་ནང་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ལམ་ལུགས་ཀྱི་འགན་ལེན་བྱ་རྒྱུ་རེད། ཀྲུང་གོས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཁྲོམ་རའི་ཆོག་འཐུས་ཇེ་ལྷོད་དུ་གཏོང་བ། བཀག་རྒྱའི་གསལ་ཐོ་མུ་མཐུད་བཟོ་བ་བཅས་བྱས་ནས། མ་འཇོག་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པ་དང་། ཆ་འཕྲིན་སྙན་ཞུ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ཡིན། ཀྲུང་གོས་རིན་ཐང་ལྡན་པའི་ཁོར་ཡུག་བཏོད་དེ་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ཁྲིམས་འཛིན་ལ་ཤུགས་སྣོན་ཤུགས་གལ་ཆེན་རྒྱག་པ། ཤེས་བྱའི་བདག་དབང་གི་དམངས་དོན་དང་ཉེས་དོན་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན།

བཞི་པ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་དར་སྤེལ་གཏོང་མཁན་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན། ཀྲུང་གོས་འཛམ་གླིང་ཚོང་དོན་ཚོགས་པར་དགོས་ངེས་ཀྱི་སྒྱུར་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེན་པོ་བཏོན་ཏེ་སྒྲིག་གཞིའི་དབང་གྲགས་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། དེ་རིང་ཕྱི་དྲོ་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་ཚོགས་འདུ་ཆུང་གྲས་གཙོ་གཉེར་བྱ་རྒྱུ་རེད། ང་ཚོས་ཕྱོགས་སོ་སོ་ནས་བསམ་འཆར་བརྗེ་རེས་དང་ཐུན་མོང་དུ་བྱ་སྤྱོད་སྤེལ་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་རེ་སྒུག་བྱས་ཡོད། ངས་དགའ་སྤྲོའི་ངང་ཤེས་རྟོགས་བྱུང་བར། ཁ་སང་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ཀྱི་ཁོངས་མིའི་རྒྱལ་ཁབ་15ཡིས་ཁྱོན་ཡོངས་ནས་གྲོས་མོལ་མཇུག་འགྲིལ་ཟིན་པ་དང་གྲོས་ཆོད་ལ་སྔ་ཙམ་མིང་རྟགས་བཀོད་ནས་ནུས་པ་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་དེ་བས་མང་བ་དང་གྲོས་མོལ་བྱས་ནས་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་བཀོད་དེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་མ་འཇོག་གྲོས་ཆོད་དང་། ཀྲུང་གོ་དང་། ལྗར་པན། ཁོ་རེ་ཡ་བཅས་ཀྱི་རང་མོས་ཚོང་དོན་གྲོས་ཆོད། ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཀྱི་ལམ་སྲོལ་མཉམ་ལས་ནང་ཧུར་ཐག་ཞུགས་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན།

ལྔ་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། མིག་སྔར་ཀྲུང་གོས་རྒྱལ་ཁབ་137དང་རྒྱལ་སྤྱིའི་རྩ་འཛུགས་30བར་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་197ལ་མིང་རྟགས་བཀོད་ཡོད། ཀྲུང་གོས་ཐུན་མོང་ཐོག་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་དང་། སྒོ་དབྱེ་དང་ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

ལྕམ་མོ་ལྷན་རྒྱས་དང་། སྐུ་ཞབས་ལྷན་རྒྱས། གྲོགས་པོ་ལྷན་རྒྱས།

འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་བྱེད་པ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། བྱེད་སྟངས་སྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག སྒུལ་ཤུགས་ཇེ་ཆེར་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་གོ་སྐབས་གསར་པ་དེ་བས་མང་པོ་སྦྱིན་རྒྱུ་ཡིན།

ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་འོད་ཟེར་ལྡན་པ་དང་། དེ་བས་འོད་ཟེར་ལྡན་ངེས་པར་ང་ལ་ཡིད་ཆེས་ཡོད། ལོ་རྒྱུས་ཀྱི་བརྙན་མིག་རིང་པོ་ནས་བལྟས་ན། ཀྲུང་གོའི་འཕེལ་རྒྱས་ནི་མིའི་རིགས་ཡོངས་ལ་དབང་བའི་ཡར་ཐོན་གྱི་རླབས་ཆེན་བྱ་གཞག་ཅིག་ཡིན། ཀྲུང་གོས་ཁོད་ཡངས་ཀྱི་ཕྱག་ཟུང་བརྐྱངས་ནས་རྒྱལ་ཁབ་ཁག་ལ་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། འཕར་སྣོན་གྱི་གོ་སྐབས་བཅས་དེ་བས་མང་པོ་མཁོ་འདོན་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་རྒྱུ་ཡིན།

ལྕམ་མོ་ལྷན་རྒྱས་དང་། སྐུ་ཞབས་ལྷན་རྒྱས། གྲོགས་པོ་ལྷན་རྒྱས།

ཀྲུང་ཧྭ་རིག་གནས་ཀྱིས་སྔར་ནས་བཟུང་གནམ་འོག་སྤྱི་སྙོམས་ཆེན་པོ་དང་། རྒྱལ་ཁབ་མང་པོར་མཐུན་སྒྲིལ་གྱི་ཕྱག་ཟུང་བསྐྱངས་ཡོད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད།

ཚང་མར་ཐུགས་རྗེ་ཆེ་ཞུ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།