ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་མ་ལག་གི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཐོག་མ་དེ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསམ་འཆར་དུ་བཏོན་པའི་ཞིབ་ཕྲའི་ཚད་འབེབས་ལས་དོན་གྱི་དམིགས་ཚད་ཁག་གསུམ། གཅིག་ནི་2022ལོར་སླེབས་སྐབས་རིམ་པ་གཉིས་པ་དང་དེ་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དུ་རྒན་རྒོན་གྱི་གསོ་རིག་ཚན་ཁག་འཛུགས་པའི་བསྡུར་ཚད་50%ཡན་ཟིན་པ་དང་། གཉིས་ནི་2022ལོར་སླེབས་སྐབས་80%ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དང་། བདེ་ཐང་སླར་གསོའི་སྨན་ཁང་། ནད་གཡོག་ཁང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅས་རྒན་རྒོན་གྱི་མཛའ་མཐུན་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་གྱུར་བ་བྱེད་པ། གསུམ་ནི་2022ལོར་སླེབས་སྐབས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་སྐྱོང་ཉལ་ཁྲིས་30%ཟིན་པ་བཅས་བྱ་རྒྱུ་དེ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་8ཀྱིས་མཉམ་འབྲེལ་ཐོག་བཏོན་པའི《རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ན་རྒན་བདེ་ཐང་སིའི་སི་ཀྲང་ཝང་ཧའེ་ཏུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དེ་ནི་རང་རྒྱལ་གྱི་རྒན་རྒོན་བདེ་ཐང་ཞབས་ཞུའི་མ་ལག་སྐོར་གྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཐོག་མ་དེ་རེད་ཅེས་བཤད་པ་རེད།

2018ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་77.0ཡིན་པ་དང་ཞིབ་འཇུག་བྱས་པར་གཞིགས་ན། རང་རྒྱལ་གྱི་མི་རེའི་ཆ་སྙོམས་བདེ་ཐང་གི་སྔོན་དཔག་ཚེ་ཚད་ལོ་68.7རང་ཡིན་པ་རེད། ཝང་ཧའེ་ཏུང་གིས“གཅོང་ནད་གཅིག་ཡན་ཕོག་པའི་རྒན་རྒོན་གྱི་བསྡུར་གྲངས་75%ཙམ་ཟིན་པ་དང་། ལུས་ཟུངས་ཤོར་བའམ་ཡང་ན་ལུས་ཟུངས་ཆ་ཤས་ཤོར་བའི་རྒན་རྒོན་ཁྲི་4000ལས་བརྒལ་ཡོད་པས། རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད”ཅེས་བཤད་པ་རེད།

རྒན་རྒོན་གྱི་བདེ་ཐང་གི་ཁྱད་ཆོས་དང་རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་གཞིར་བཟུང་། བསམ་འཆར་ནང་བདེ་ཐང་སློབ་གསོ་དང་། སྔོན་འགོག་བདེ་སྲུང་། ནད་བརྟག་སྨན་བཅོས། བདེ་ཐང་སླར་གསོ། ཡུན་རིང་ལྟ་རྟོག སེམས་གསོའི་ནད་སྐྱོང་བཅས་ལྷུ་ཚིགས་6ལ་དམིགས་ནས་ལས་འགན་ཞིབ་ཕྲ་བཏོན་ཡོད་པ་རེད། གཞན་ཡང་། བསམ་འཆར་ནང་ད་དུང་འགན་ལེན་བྱེད་ཐབས་ཁག་6བཏོན་པའི་ནང་ཚད་གཞི་བཟོ་ཤུགས་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། ཚན་ཁག་འཕེལ་རྒྱས། དཔུང་ཁག་འཛུགས་སྐྱོང་། ཆ་འཕྲིན་འདེགས་སྐྱོར། རྩ་འཛུགས་ཀྱི་འགན་ལེན་བཅས་ཆེ་རུ་གཏོང་རྒྱུ་ཚུད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།