ཞིང་ལས་གྲོང་གསེབ་པུས་རྒྱལ་ཁབ་ཀྱི་ཞིང་ལས་རྨང་གཞིའི་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཆ་རྐྱེན་དང་ནུས་པ་འཛུགས་སྐྱོང་གི་རྣམ་གྲངས་ལག་བསྟར་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས31ཉིན། རྒྱལ་ཁབ་ཀྱི་ཞིང་ལས་རྨང་གཞིའི་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཆ་རྐྱེན་དང་ནུས་པའི་རྣམ་གྲངས་འཛུགས་སྐྲུན་འཁོར་སྐྱོད་དོ་དམ་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་གི་ཞིང་ལས་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ཚན་རྩལ་ལས་དོན་གྱི་ཕན་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་རྒྱལ་ཁབ་ཀྱི་ཞིང་ལས་རྨང་གཞིའི་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཆ་རྐྱེན་དང་ནུས་པ་འཛུགས་སྐྱོང་གི་རྣམ་གྲངས་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ཞིང་ལས་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ཚན་རྩལ་ལས་དོན་ནི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་བརྒྱའི་ཇུས་ཆེན་དང་། ཞིང་ལས་ཀྱི་ཚན་རིག་དང་མཐུན་པའི་ཆོས་ཉིད་གསལ་སྟོན་དང་། ཐོན་ཁུངས་ཁོར་ཡུག་གི་འཇུར་མིག་སེལ་བ། ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་ཐོག་མའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞིའི་འདེགས་སྐྱོར་རེད་ལ། རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་རེད། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ཚན་རྩལ་ལས་དོན་དེ་གསར་བརྗེའི་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཤེས་རྟོགས་དང་། ཞིང་ལས་ཀྱི་རྙོག་འཛིང་ཆེ་བའི་ཚན་རིག་གི་གནད་དོན་ཐག་གཅོད། གསར་དར་སྣོལ་མའི་རིག་ཚན་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་ཞིང་ལས་གཙོ་གཉེར་སྡེ་ཚན་ཁག་དང་ལྟ་ཞིབ་ཚོད་ལྟའི་ས་ཚིགས་ཀྱི་མིང་ཁྱེར་ཚན་པས་ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ཚན་རྩལ་ལས་དོན་གྱི་གཙོ་གནད་སྟངས་འཛིན་ཡང་དག་བྱས་ཏེ་ལས་འགན་ལ་དམིགས་པ་དང་། ཆ་རྐྱེན་ནན་དུ་གཏོང་བ། འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཉེར་སྤྱོད་མཉམ་སྤྱོད་བཅས་བྱེད་དགོས། ངོས་འཛིན་ཟབ་ཏུ་བཏང་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། ཁྲིམས་སྐྱོང་འགན་ལེན་ཤུགས་ཆེར་ནུས་ལྡན་གཏོང་བ་དང་ལས་ཀའི་ཚད་ལྡན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་སྡེ་ཚན་གྱི་སྒྲིག་སྲོལ་དང་སྲོལ་ཡིག་བཟོ་བར་རིམ་བཞིན་སྐུལ་འདེད་གཏོང་བ། འཛུགས་སྐྲུན་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་ཞིབ་ཚོད་ལྟའི་ས་ཚིགས་ལ་ཆ་ཚང་བའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་འདེགས་སྐྱོར་བྱེད་པ། དཔྱད་ཞིབ་ལམ་སྲོལ་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལྟ་ཞིབ་ཚོད་ལྟའི་ས་ཚིགས་ཀྱི་དཔྱད་ཞིབ་ཀྱི་གཙོ་གནད་གསལ་པོ་བཏོན་ནས་ཤེས་ལྡན་མི་སྣ་རིགས་དབྱེ་དཔྱད་བརྗོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།