2019ལོའི་རྒྱལ་ཡོངས“གསར་གཉིས་གཉིས་གཏོད”ཀྱི་དངོས་མང་སྟོན་ཚོགས་ནན་ཅིང་དུ་འཚོག་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་གྲོང་གསེབ་པུས་ཚེས31ཉིན་འཚོགས་པའི་གསར་འགྱུར་བརྡ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོའི་རྒྱལ་ཡོངས་ཀྱི་ཞིང་པ་གསར་པ་དང་ལག་རྩལ་གསར་པའི་ལས་གཏོད་གསར་གཏོད་ཀྱི་དངོས་མང་སྟོན་ཚོགས་ཟླ11ཚེས19ནས་ཚེས22ཉིན་བར་ཅང་སུའུ་ནན་ཅིང་དུ་འཚོག་རྒྱུ་དང་། ཞིང་ལས་གྲོང་གསེབ་པུའུ་དང་། ཀྲུང་དབྱང་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱེད་རྒྱུ་ཡིན་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)31དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཚོགས་སྒྲིག་རྣམ་པར་བརྟེན་ནས་ཞུགས་མཁན་ཡིན་པ་དང་། འགྲེམས་ཞུགས་ཁེ་ལས་ཁྱོན1000ལྷག་ཙམ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དངོས་མང་སྟོན་ཚོགས་ལ“སྤྲོ་སེམས་ཆེན་པོས་ལས་གཏོད་གསར་གཏོད་བྱས་ནས། གྲོང་གསེབ་དར་རྒྱས་བཏང་ནས་ཕུགས་འདུན་མངོན་འགྱུར་བྱེད”པ་བརྗོད་དོན་གཙོ་བོར་བྱས་ནས། གླེང་སྟེགས་དང་བསམ་བཀོད་འགྲན་བསྡུར་འབུར་དུ་ཐོན་པར་བྱས་ཏེ། ཞིང་པ་གསར་པ་ཚོ“མི་སྣ་གཙོ་བོར”གྱུར་པར་བྱས་ཡོད་པ་རེད། དངོས་མང་སྟོན་ཚོགས་ལ་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་མི་སྣའི་འགྲེམས་སྟོན་དང་། ལས་སྟེགས་འགྲེམས་སྟོན། ཚན་རྩལ་གྲུབ་འབྲས་འགྲེམས་སྟོན། ཞིང་ཆེན་ཁག་གི་འགྲེམས་ཁུལ། ངོ་འཕྲད་གྲོས་མོལ་ཁུལ་སོགས་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད། དེའི་རིང“བཟོ་ཚོང་མ་དངུལ་གྲོང་གསེབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་པ་གསར་པ་དང་ལག་རྩལ་གསར་པའི་ལས་གཏོད་གསར་གཏོད་ཀྱི་གླེང་སྟེགས་དང་ཡན་ལག་གླེང་སྟེགས8ཀྱང་གཉེར་རྒྱུ་ཡིན་པ་མ་ཟད། ད་དུང་རྒྱལ་ཡོངས་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་དང་རྒྱལ་ཡོངས་གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཐོན་རྫས་གསར་པའི་བསམ་བཀོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་སོགས་ཀྱང་གཉེར་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།