རུས་བརྐོས་ཡི་གེ་རྙེད་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། རུས་བརྐོས་ཡི་གེ་རྙེད་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་ཐོག་ཏུ་གཏམ་བཤད། ཁོ་མོས་བཤད་རྒྱུར། རུས་བརྐོས་ཡི་གེ་ནི་ལོ་ངོ་ཆིག་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་རིག་གི་མཚོན་བྱེད་ཡིན་པ་དང་མིའི་རིགས་ཀྱི་ཤེས་རིག་ཐད་ལ་བྱས་རྗེས་གལ་ཆེན་བཞག་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རུས་བརྐོས་ཡི་གེ་ལ་སྔར་ལས་ཞིབ་འཇུག་དང་བཀོལ་སྤྱོད་བྱེད་པ་དང་། བསྡུ་ཉར་སྲུང་སྐྱོབ་ལ་ཤུགས་སྣོན་ཞིང་ལེགས་སྒྲིག་དང་ཆ་འཕྲིན་གསལ་བཤད་བྱ་བ་བཟང་བོར་བསྒྲུབ་ནས་རིག་དངོས་བདེ་འཇགས་འགན་སྲུང་བྱེད་དགོས། རུས་བརྐོས་རིག་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་བསླབ་ཚན་མང་པོའི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕྱོགས་བསྡུས་བྱང་ཚད་དང་གསར་སྐྲུན་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ་དང་རྒྱལ་སྤྱིའི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རུས་བརྐོས་ཡི་གེ་ཡི་རིག་གནས་གསོན་ཤུགས་དང་དུས་རབས་ཀྱི་རིན་ཐང་མངོན་པར་བྱེད་དགོས་ཟེར།

འབྲེལ་ཡོད་ཆེད་མཁས་པའི་འཐུས་མི་དང་སློབ་གསོ་པུའུ་དང་ཧི་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གྱིས་བཞུགས་མོལ་ཚོགས་འདུའི་སྟེངགཏམ་བཤད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།