ལིས་ཁི་ཆང་ཆེད་ཐ་ཧྲི་ཀན་ལ་ཐོན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་ཡིན་པར་མ་ཟད་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། ཝུའུ་ཙི་པེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཐ་ཧྲི་ཀན་གནམ་གྲུ་ཐང་དུ་ཐོན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་ཡིན་པར་མ་ཟད་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ལིས་ཁི་ཆང་བཞུགས་པའི་གནམ་གྲུ་ཐ་ཧྲི་ཀན་གནམ་གྲུ་ཐང་དུ་ཐོན་རྗེས། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་ཡིས་ཁྲིད་པའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་བསུ་མ་བྱས་པ་དང་། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞའོ་ཅེ་སོགས་ཀྱང་ཐ་ཧྲི་ཀན་གནམ་གྲུ་ཐང་དུ་ཐོན།

གནམ་གྲུ་ཐང་དུ་ལིས་ཁི་ཆང་གིས་གསུངས་རྒྱུར།  ཝུའུ་ཙི་པེ་ཁི་སི་ཐན་ནི་ཀྲུང་གོ་དང་མཛའ་མཐུན་འབྲེལ་བ་བཟང་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་སྣེ་ཁྲིད་འོག ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་འབྲེལ་བ་དེ་ཆེས་མགྱོགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་བསླེབས། ཐེངས་འདིའི་འཚམས་འདྲི་ནི་ང་རང་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡིན་པའི་ཆ་ནས་ཐོག་དང་པོར་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་བྱས་པ་ཡིན། བདག་གིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།