རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སློབ་གསོའི་འགན་ནུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་སོ་གཅིག་ཉིན་བར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཚན་ཁག་གིས་བྱ་བའི་སྙན་ཞུར་ཉན་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་ཅིག་དང་གྲོང་ཁྱེར་དང་ཁུལ་དྲུག་གི་རྩིས་ཁྲ་ཐོ་འགོད་ལ་ཞིབ་ལྟ་དང་། སློབ་གྲྭ་ཁག་ཅིག་གི་ནང་དུ་དངོས་བཅར་བྱས་ནས་སློབ་གཙོ་དང་དགེ་རྒན་རྣམས་དང་ལྷན་དུ་བཞུགས་མོལ་གྱི་རྣམ་པ་སོགས་སྤྱད་དེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོའི་འགན་ནུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་སྐུལ་ཞིབ་བཤེར་བྱས། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ལྟ་ཞིབ་ཚན་ཁག་གིས་བསམ་འཆར་བསྡུ་ལེན་གྱི་གྲོས་ཚོགས་བསྡུས་ཤིང་། ལྟ་ཞིབ་ཚན་ཁག་གི་ཚན་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རིག འཕྲོད་བསྟེན་བཅས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཀྲི་ཝུན་གྱིས་ལྟ་ཞིབ་གནས་ཚུལ་དང་བསམ་འཆར་བསྒྲགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཀྲུའུ་ཀྲི་ཝུན་གྱིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་ངོས་འཛིན་གནད་ལ་འཁེལ་བ་དང་། ཏང་གི་ངོས་འཛིན་ཁྱོན་ཡོངས་ནས་ལག་བསྟར་ཐུབ་པ། སློབ་གསོའི་ཕྱོགས་སུ་མ་དངུལ་རྒྱུན་ཆད་མེད་པར་བཏང་ནས། སློབ་གསོ་ཁྱབ་གདལ་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མངོན་གསལ་ཇེ་ལེགས་སུ་ཕྱིན་པ། སློབ་གསོའི་བདེ་འཇགས་བརྟན་ལྷིང་གི་རྣམ་པ་སྲ་བརྟན་དུ་ཕྱིན་པ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྣམ་པ་བཟང་པོ་མངོན་ཡོད་ཟེར། ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་པ་བརྒྱུད་མཚོ་སྔོན་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྲུན་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན། སློབ་གསོའི་གྲོན་དངུལ་གཏོང་འཇོག་དོ་དམ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སོགས་ཐད་ཀྱི་གནད་དོན་ཁག་གཅིག་ལ་མཐོང་ཆེན་བྱེད་དགོས་པ་ཤེས་རྟོགས་བྱུང་བས། འབྱུང་འགྱུར་མཚོ་སྔོན་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་དམིགས་བཙུགས་ཏེ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་བཅོས་སྒྲིག་བྱ་རྒྱུའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།