ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས29ཉིན། ཚོང་དོན་པུའུ་ཡིས་ཀྲུང་ཕྱིའི་སྨྱན་བྱད་སྒྲོག་སྤེལ་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པར་ཞུགས་པའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པ་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར་ཧྲང་ཧེ་ནས་བསྡུ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཧྲང་ཧེ་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པ་དང་ཧོང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོ་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པར་མ་ཟད། གསུང་བཤད་གལ་ཆེན་གནང་རྒྱུ་རེད། འགོ་རྩོམ་མཛད་སྒོའི་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣ་དང་མཉམ་དུ་རྒྱལ་ཁབ་འགྲེམ་སྟོན་ཁང་ལ་སྐོར་ཞིབ་མཛད་རྒྱུ་རེད། འགྲེམ་ཚོགས་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ད་དུང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣ་དང་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུ་རྒྱུ་རེད། མིག་སྔའི་བར་དུ། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བདུན་ཅུའི་སྲིད་ཚོང་སློབ་སོགས་ལས་རིགས་ཀྱི་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་མི་སྣ་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་བསྟུད་མར་ལོ་གཉིས་ལ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་དེས། ཀྲུང་གོ་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་རྒྱབ་སྐྱོར་དང་ཉོ་ཚོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་མཚོན་པ་དང་། ཀྲུང་གོས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།