ཡུག་ཆོན་གྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས25དང་ཚེས26ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་འབུར་ཐོན་གནད་དོན་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པུས་ཅེ་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་གཏན་གནས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་པུས་ཅེ་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཡུག་ཆོན་པུས་ཅེ་གྲོང་ཁྱེར་ཆིས་ཞིན་ཀོན་ས་ཁུལ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དབུལ་སྐྱོར་བྱེད་པའི་ཧི་ཀྲང་རྫོང་གི་བྱིས་པའི་ཕན་བདེ་ཁང་དང་ལས་རིགས་ལག་རྩལ་སློབ་གྲྭ། ཞིང་ལས་ཐོན་ལས་ས་ཁུལ་སོགས་སུ་སོང་ནས། དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་དབུལ་སྐྱོར་ལས་གཞི་ལ་རྟོག་ཞིབ་བྱས། ཁོས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གཏན་གནས་དབུལ་སྐྱོར་དང་པུས་ཅེ་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པར་དམིགས་ནས། ས་གནས་ལས་བྱེད་པ་དང་མང་ཚོགས་དང་དམངས་གཙོ་ཏང་ཁག་གི་ས་གནས་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན། ལས་འཁུར་ལས་བྱེད་པ་བཅས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཡུག་ཆོན་གྱིས་བཤད་རྒྱུར། གཏན་གནས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པའི་མཚོན་བྱེད་ཡིན་པ་དང་ཅིས་ཀྱང་ཡོངས་འགྲུབ་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ། དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་ལ་བརྟེན་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བརྟེན་ནས། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་ཞིང་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་ནས། དཀའ་ཁག་ཆེ་བའི་ས་ཁུལ་བརྟན་འཇགས་སྒོ་དབུལ་ཐར་བྱེད་པ་དང་སྤུས་ཚད་མཐོ་སྒོ་ནས་དབུལ་ཐར་བྱེད་པར་རོགས་སྐྱོར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།