ཀྲུང་གོ་བོད་ཀྱི་དྲ་བ།

དམག་མིའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བ།

ཡོང་ཁུངས། : ཤིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ཚེས27ཉིན་ཝུའུ་ཧན་དུ་མཇུག་སྒྲིལ་བ་དང་། འགྲན་བསྡུར་གྱི་ཉིན་མཐའ་མར་ཀྲུང་གོའི་འཐུས་མི་ཚོགས་པས་སླར་ཡང་རྐྱལ་མཆོང་གི་གསེར་གྱི་རྟགས་མ་གཉིས་བླངས་ཤིང་། བསྡོམས་པས་གསེར་གྱི་རྟགས་མ133དང་བྱ་དགའི་རྟགས་མ239ཡི་གྲུབ་འབྲས་ཐོག་ནས་སྐབས་འདིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་བྱ་དགའ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།

ཀྲུང་གོའི་རྐྱལ་མཆོང“རྨི་ལམ་རུ་ཁག”གིས་ཉིན་དེར་མུ་མཐུད་ནས་གསེར་གྱི་རྟགས་མ་བླངས་ཤིང་། ཝང་ཙུང་ཡོན་དང་ཞའེ་སི་དབྱི་ཡིས་སྐར་མ472.2ཀྱིས་སྐྱེས་པའི་མི་གཉིས་ཀྱི་སྨི་གསུམ་ཆུ་མཆོང་གི་ཨང་དང་པོ་བླངས། དེ་དང་ལྷན་ཏུ་ཀྲུང་གོའི་རུ་ཁག་གིས་ད་དུང་སྐྱེས་པའི་ཚོགས་པའི་ཨང་དང་པོ་བླངས་ཡོད། 

    སྐབས་འདིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ཉིན་མཐའ་མར་ཆེས་མིག་དབང་འཕྲོག་པ་ནི་མགྲོན་བདག་མ་ཡིན་པར། པ་རེན་རུ་ཁག་གིས་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་སྐྱེས་པ་དང་བུད་མེད་མི་སྒེར་གྱི་ཨང་དང་པོ་བླངས་པ་མ་ཟད། སྐྱེས་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང3:1གིས་ཁ་ཐར་རུ་ཁག་ཕམ་པར་བཟོས་ནས་ཉིན་གཅིག་ལ་གསེར་གྱི་རྟགས་མ་གསུམ་བླངས་པ་རེད། ཀྲུང་གོའི་རུ་ཁག་ལ་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་རྣམ་གྲངས་ཐོག་བུད་མེད་མི་སྒེར་དང་ཚོགས་པའི་ཟངས་ཀྱི་རྟགས་མ་གཉིས་ཐོབ་པ་དང་། མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་སྐྱེས་པ་དང་བུད་མེད་ཚོགས་པའི་ཨང་དང་པོ་དེ་ཕོ་ལན་རུ་ཁག་དང་ཁྲའོ་ཞན་རུ་ཁག་ལ་ཐོབ་ཡོད། 

སྤྱི་ལེ5ཡི་ཆུ་རྐྱལ་འགྲན་བསྡུར་གྱི་ཕོ་མོ་མཉམ་བསྲེས་ཚོགས་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཨང་གསུམ་པ་ཐོབ་པ་དང་། ཧྥ་རན་སེ་དང་པར་ཙིར་རུ་ཁག་ལ་སོ་སོར་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ཡོད། ལྕགས་མི་རྣམ་གྲངས་གསུམ་གྱི་གསེར་གྱི་རྟགས་མ་བརྒྱད་སོ་སོར་ཨུ་རུ་སུའི་རུ་ཁག་དང་ཁ་ན་ཏའི་རུ་ཁག་གིས་གསེར་གྱི་རྟགས་མ་གཉིས་རེ་དང་། ཧྥ་རན་སེ་དང་། སུའེ་ཙེར། ཨ་རི། པར་ཙིར་རུ་ཁག་བཅས་སོ་སོས་གསེར་གྱི་རྟགས་མ་རེ་བླངས་པ་དང་། ཀྲུང་གོའི་རུ་ཁག་ལ་ཟངས་ཀྱི་རྟགས་མ་གཉིས་ཐོབ་ཡོད།

སྐབས་འདིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཡོངས་སུ་མཇུག་བསྒྲིལ་ཞིང་། ཀྲུང་གོའི་དཔུང་ཚོགས་ཀྱིས་གསེར་གྱི་རྟགས་མ133དང་། དངུལ་གྱི་རྟགས་མ64། ཟངས་ཀྱི་རྟགས་མ42བཅས་ཀྱི་ཐོག་ནས་གསེར་གྱི་རྟགས་མ་དང་བྱ་དགའ་མང་ཤོས་སུ་གྱུར་ཡོད་པ་དང་། ཨུ་རུ་སུའི་རུ་ཁག་གིས་གསེར་གྱི་རྟགས་མ51དང་། དངུལ་གྱི་རྟགས་མ53། ཟངས་ཀྱི་རྟགས་མ57བཅས་ཀྱི་ཐོག་ནས་གསེར་གྱི་རྟགས་མ་དང་བྱ་དགའ་ཐོབ་མཁན་ཨང་གཉིས་པར་ཆགས་ཡོད། པར་ཙི་རུ་ཁག་གིས་གསེར་གྱི་རྟགས་མ21དང་། དངུལ་གྱི་རྟགས་མ31། ཟངས་ཀྱི་རྟགས་མ36བཅས་བླངས་ནས་ཨང་གསུམ་པ་ལོན་ཡོད།  ཁྱོན་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པ33ལ་གསེར་གྱི་རྟགས་མ་ཐོབ་པ་དང་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པ་66ལ་བྱ་དགའི་རྟགས་མ་ཐོབ་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།