ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་སྐོར་གྱི་ལག་བསྟར་རྩ་འཛིན་ཞེས་པ་པར་འགྲེམས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་སྐོར་གྱི་ལག་བསྟར་རྩ་འཛིན་ཞེས་པ་པར་འགྲེམ་བྱས་ནས། ས་གནས་དང་སྡེ་ཁག་སོ་སོས་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་བའི་སྒོ་ནས་དངོས་འབེབས་ནན་མོ་བྱེད་དགོས་པའི་བརྡ་ཐོ་བཏང་།

དུས་རབས་གསར་བའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་སྐོར་གྱི་ལག་བསྟར་རྩ་འཛིན་ཞེས་པའི་ནང་བསྟན་དོན། ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་ལེགས་པར་བསྐྱངས་ཤིང་། ཀྲུང་གོ་མི་དམངས་ཀྱི་ཆེས་བླ་ན་མཐོ་བའི་རིན་ཐང་དོན་གཉེར་གྱི་བསམ་པའང་སྐྱེད་སྲིང་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་བྱས་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ལ་བཅངས་པའི་ཕུགས་བསམ་རྒྱུན་འཁྱོངས་དང་། ཀྲུང་ཧྭའི་སྲོག་རྒྱུན་སྤྱོད་ལམ་ཡག་པོ་རྒྱུན་འཛིན་དར་སྤེལ་བྱས་པར་མ་ཟད། ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྣེ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་མ་ལག་གསར་སྐྲུན་བྱས་ནས་གྲུབ་པར་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་ཅིས་ཀྱང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འཐབ་ཇུས་ཀྱི་ལས་འགན་ཡིན་ལ། དེ་ནི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་དང་། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་འདོད་སྐོང་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡིན་ལ། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡང་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།