ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཇེ་ཆེར་བཏང་སྟེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས27ཉིན། རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དྲུག་པ་དང་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་རྩལ་ནུས་ངོམ་པའི་དུས་ཆེན་སྐབས་གསུམ་པ་ཀྲེ་ཅང་ཅ་ཞིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཇེ་ཆེར་བཏང་སྟེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱིས་ཞུམ་པ་མེད་པར་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱས་པར་ཀུན་གྱི་དོ་སྣང་ཆེན་པོ་ཐོབ། ཐེངས་འདིའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་དང་དབང་བོ་སྐྱོན་ཅན་གྱི་རྩལ་ནུས་ངོམ་པའི་དུས་ཆེན་བསྒྲུབས་པ་དེ་ལས་དབང་བོ་སྐྱོན་ཅན་གྱི་འབད་འཐབ་རྣམ་པ་ཡང་བསྐྱར་ངོམ་པར་བྱེད་ངེས་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རྒྱུན་མཐུད་ལྷོད་མེད་སྒོས་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་མཐོར་འདེགས་སུ་གཏོང་བ་དང་ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཁྲིམས་སྲོལ་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་དོན་དངོས་གསར་སྐྲུན་རྣམ་པ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་དམིགས་ཏེ། ལས་རིགས་སློབ་གསོ་དང་ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་ཞིང་ལས་ཞུགས་ལས་སྤེལ་གྱི་མཛུབ་སྟོན་རོགས་སྐྱོར་བྱ་བཟང་བོར་བསྒྲུབ་པ་དང་། དབང་བོ་སྐྱོན་ཅན་གྱིས་ལས་ཞུགས་ལས་སྤེལ་བྱེད་པའི་གེག་དང་བར་ཆད་ཡོངས་སུ་སེལ་དགོས་ལ། ཞིང་སྡེའི་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་གནད་ཕིགས་དབུལ་ཐར་ལ་སྐུལ་འདེད་བཏང་ནས། སྔར་ལས་མང་པོའི་དབང་བོ་སྐྱོན་ཅན་གྱིས་བརྩོན་འགྲུས་དང་བློ་གྲོས་ལ་བརྟེན་ནས་ལས་ཞུགས་ལས་སྤེལ་གྱི་ཕུགས་འདུན་དང་མི་ཚེ་རིན་ཐང་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཡུང་གིས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དྲུག་པ་དང་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་རྩལ་ནུས་ངོམ་པའི་དུས་ཆེན་སྐབས་གསུམ་པ་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པར་མ་ཟད་མཛད་སྒོའི་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།