བྱེད་ཐབས་ཁག12བཏོན་ནས་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་མ་འཇོག་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་བརྟག་ཞིབ་གང་ལེགས་དང་དུས་འགོའི་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་མ་འཇོག་སྟབས་བདེ་ཅན་གྱི་སྲིད་ཇུས་དང་བྱེད་ཐབས་ཁག12བཏོན་པའི་ནང་ཚོང་དོན་གྱི་ཕྱི་དངུལ་གཏོང་ཡོང་སྟབས་བདེ་ཅན་གྱི་ཚོད་ལྟ་རྒྱ་ཆེར་གཏོང་བ་དང་། མ་རྩའི་རྣམ་གྲངས་ཀྱི་གཏོང་ཡོང་སྟབས་བདེ་ཅན་གྱི་ཚོད་ལྟ་རྒྱ་ཆེར་གཏོང་བ་སོགས་ཚུད་པ་དེས་ཕྱི་དངུལ་དོ་དམ་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ནས་ཚོང་དོན་མ་འཇོག་སྟབས་བདེ་ཅན་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་དང་རྒྱལ་སྤྱིའི་གཏོང་ཡོང་སིའི་སི་ཀྲང་ཝང་ཁྲུན་དབྱིང་གིས། ཚོང་དོན་ཕྱི་དངུལ་གཏོང་ཡོང་སྟབས་བདེ་ཅན་གྱི་ཚོད་ལྟ་རྒྱ་ཆེར་གཏོང་བ་ཞེས་པ་ནི་ཆ་རྐྱེན་དང་མཐུན་པའི་དངུལ་ཁང་གིས་ཡིད་སྟོན་ལེགས་པའི་ཁེ་ལས་ལ་དངོས་ཟོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་གྱི་ཕྱི་དངུལ་གཏོང་ཡོང་གི་ལས་སྒོ་གཉེར་སྐབས་རང་བརྟེན་ངང་ལས་སྒོ་སྒྲུབ་རིམ་ལེགས་སུ་གཏོང་ཆོག་པ་དེར་བརྗོད། འདི་ལོའི་ལོ་འགོ་ནས་བཟུང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་དང་། ཧྲང་ཧའེ། ཀྲེ་ཅང་བཅས་སུ་དངོས་ཟོག་ཚོང་དོན་གྱི་ཕྱི་དངུལ་གཏོང་ཡོང་སྟབས་བདེ་ཅན་གྱི་ཚོད་ལྟའི་ལས་དོན་སྤེལ་ཚུན། ཚོད་ལྟའི་དངུལ་ཁང་གིས་ཁེ་ལས་ཀྱི་དཔང་ཡིག་གྲ་སྒྲིག་དང་ཞིབ་བཤེར་གཏན་འབེབས་ཀྱི་དུས་ཚོད་50%ཡན་གྲོན་ཆུང་ཐུབ་ཀྱི་འདུག་ཅེས་བསྟན་པ་རེད། ད་ཐེངས་ཀྱི་སྒྱུར་བཅོས་ཀྱིས་ཚོད་ལྟའི་ས་ཁུལ་གྱི་ཁྱབ་ཁོངས་རྒྱ་ཆེར་འགྲོ་རྒྱུ་དང་འབྲེལ་ཚོད་ལྟའི་ལས་སྒོའི་ཁྱབ་ཁོངས་ཀྱང་དངོས་ཟོག་ཚོང་དོན་གྱི་ཕྱི་དངུལ་གཏོང་ཡོང་ནས་ཚོང་དོན་ཞབས་ཞུའི་ཕྱི་དངུལ་གཏོང་ཡོང་བར་རྒྱ་ཆེ་རུ་འགྲོ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།