ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པ་ཞི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་ལྔ་ཉིན། མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་པ་ཞི་ཙུང་ཐུང་པའོ་སུའུ་ན་ལོ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོ་དང་པ་ཞི་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་དང་གསར་དར་དཔལ་འབྱོར་དངོས་ཕུང་ཞིག་ཡིན་པའི་ཆ་ནས་ཕན་ཚུན་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་པ་ཞི་ཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པ་གོ་སྐབས་སུ་བྱས་ཏེ། པ་ཞི་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་པ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དང་བྱས་རྗེས་གང་ལེགས་འབུལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོས་པ་ཞི་དང་མཉམ་དུ་ཕྱོགས་གཉིས་གའི་སྒོ་འབྱེད་ཀྱི་རྒྱ་སྔར་ལས་ཆེར་བཏང་ནས། ཁྲོམ་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་གཞིར་བཟུང་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་འདོད་ཡོད། པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་པ་ཞི་རུ་བསྐྱོད་པར་སྟབས་བདེ་བསྐྲུན་པར་བསྔགས་བརྗོད་བྱས་པ་མ་ཟད། པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་ཐོན་རྫས་པ་ཞི་རྒྱལ་ཁབ་ཀྱི་ཁྲོམ་རར་ཞུགས་རྒྱུར་སྟབས་བདེ་བསྐྲུན་རྒྱུའི་རེ་བ་ཡོད་ཟེར།

པའོ་སུའུ་ན་ལོ་ཡིས་བསམ་པར། པ་ཞི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དེ་འཛམ་གླིང་གི་ཟབ་ཞུགས་དང་ཁ་འབྲལ་ཐབས་མེད་ལ། ཀྲུང་གོའི་ཟབ་ཞུགས་དེ་བས་ཀྱང་ཁ་འབྲལ་ཐབས་མེད། ཀྲུང་གོའི་ཁེ་ལས་ཀྱིས་པ་ཞི་ནས་མ་རྐང་འཇོག་ རྒྱུར་དགའ་བསུ་ཞུ་རྒྱུ་དང་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝང་ལིས་དང་ཧི་ལིས་ཧྥིན་ཐེངས་འདིའི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།