ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པའོ་ཨར་སིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125143617_15718393136551n.jpg

ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པའོ་ཨར་སིན་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པའོ་ཨར་སིན་ལ་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་སྐྱེད་པ་དང་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ། ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་འི་ཐུན་མོང་གི་ལྟ་ཚུལ་གཞིར་བཟུང་ནས། འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་དུ་མཐུན་སྦྱོར་མཉམ་ལས་དང་གཏན་འཇགས་ཀྱི་གཞི་གདངས་རྒྱུན་འཁྱོངས་བྱས་ཏེ། འགལ་བ་འོས་འཚམས་སྒོས་ཚོད་འཛིན་ལེགས་བཅོས་བྱེད་པ་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕན་ཚུན་བར་མཉམ་ལས་བྱེད་པ་བརྒྱུད་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། འདི་ནི་རྒྱལ་ཁབ་གཉིས་ལ་ཕན་པར་མ་ཟད་འཛམ་གླིང་ལའང་ཕན་པ་ཡོད། རེ་བ་ཡིན་ན་པའོ་ཨར་སིན་ཐེབས་རྩ་ཚོགས་པས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཁྲོད་བར་གྱི་རྒྱུས་ལོན་དང་བརྗེ་རེས་ལ་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་པར་ཡར་སྐུལ་གཏོང་དགོས་ཟེར།

པའོ་ཨར་སིན་གྱིས་བསྟན་དོན། དེང་སྐབས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དུས་སྐབས་གལ་ཆེན་དུ་གནས་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་འགྱུར་ལྡོག་བྱུང་ཡོད་པས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་དོ་དམ་བྱེད་པའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་དགོས། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།