ཀྲུང་གོ་བོད་ཀྱི་དྲ་བ།

ནགས་ཚལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྩིས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནགས་ཚལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་གཉིས་པའི་མ་ཟིན་ཚེས་21ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པར་གྲོས་ཞིབ་བྱེད་རྒྱུར་ཕུལ་ཡོད། བཅའ་ཁྲིམས་དེས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྩིས་ཡོད་པ་དང་། ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་གུན་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྩིས་ཡོད་པ་རེད།

དེ་གོང་ནགས་ཚལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་དང་པོའི་མ་ཟིན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་བསམ་འཆར་བསྡུ་ལེན་བྱས་ཡོད། བསམ་འཆར་ཁག་གཅིག་ཏུ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གཞུང་ཁོངས་ནགས་ལས་ཚན་པའི་ནགས་ཚལ་སྲུང་སྐྱོང་གི་འོས་འགན་ཁ་གསལ་བཟོ་དགོས་པའི་གྲོས་འགོ་བཏོན་ཡོད། དེས་ན་འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་གཉིས་པའི་མ་ཟིན་ནང་། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་ནགས་ལས་འཕེལ་རྒྱས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་དགོས་པ་དང་། རྒྱལ་ཁབ་ཀྱིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་ཆུ་གསོག་ས་སྲུང་དང་། ཁ་རླུང་སྙོམས་སྒྲིག ཁོར་ཡུག་ལེགས་གཏོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ནགས་ཁྲོད་ཐོན་རྫས་མཁོ་འདོན་སོགས་ཀྱི་བྱེད་ནུས་མང་པོ་འདོན་སྤེལ་བྱེད་དགོས། གཞུང་ཁོངས་ནགས་ལས་ཁེ་ལས་དང་བྱ་གཞག་ཚན་པས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ནགས་ཚལ་གྱི་མེ་སྐྱོན་འགོག་པ་དང་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ། ནགས་ཚལ་གྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྔོན་འགོག་དང་གཏན་འགོག་བྱེད་དགོས་པའི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།

ནགས་ཚལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་གཉིས་པའི་མ་ཟིན་དུ། སྤྱི་ཕན་ནགས་ར་གཉེར་སྐྱོང་དང་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ནགས་ར་བཟུང་བའི་ཞིབ་མཆན་སོགས་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་ཡོད། འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་དང་པོའི་མ་ཟིན་དུ། སྤྱི་ཕན་ནགས་ར་གཉེར་སྐྱོང་བྱེད་སྐབས་ནགས་རའི་ཐོན་ཁུངས་དང་ནགས་ཚལ་ལྗོངས་རྒྱུའི་ཐོན་ཁུངས་ལུགས་མཐུན་སྤྱོད་པ་དང་། ནགས་ཞོར་ཐོན་རྫས་ཐོན་སྐྱེད་འོས་འཚམ། ནགས་ཚལ་གྱི་ཐོན་ཁུངས་དང་། ལུས་ཁམས་གསོ་བ། རིག་གནས་ཐོན་ལས་སོགས་ཤིང་རྒྱུ་མིན་པའི་ཐོན་ཁུངས་བེད་སྤྱོད་བཅས་བྱ་ཆོག འོན་ཀྱང་སྣོད་བཅུད་ཀྱི་ས་ཁོངས་སྲུང་སྐྱོང་བླང་བྱ་དང་འཚམ་དགོས་པ་ལས་སྤྱི་ཕན་ནགས་རའི་སྣོད་བཅུད་བྱེད་ནུས་ལ་གཏོར་བཤིག་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད། འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་གཉིས་པའི་མ་ཟིན་དུ། ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་ཏེ། གཏན་འབེབས་དེ་སྤྱི་ཕན་ནགས་རའི་སྣོད་བཅུད་ས་ཁོངས་སྲུང་སྐྱོང་གི་བླང་བྱ་དང་འཚམ་པ་དང་སྤྱི་ཕན་ནགས་རའི་སྣོད་བཅུད་བྱེད་ནུས་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་རྗེས། སྤྱི་ཕན་ནགས་རའི་ནགས་ཁྲོད་ཐོན་ཁུངས་དང་ནགས་ཚལ་ལྗོངས་རྒྱུའི་ཐོན་ཁུངས་ལུགས་མཐུན་སྤྱད་ཆོག་པ་དང་། ནགས་ཁྲོད་དཔལ་འབྱོར་དང་ནགས་ཚལ་ཡུལ་སྐོར་སོགས་འོས་འཚམ་སྤེལ་ཆོག

ལས་གྲྭ་འཛུགས་སྐྲུན་གྱིས་ནགས་ར་བཟུང་བར་ཞིབ་མཆན་འགོད་པའི་ཐད། འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་གཉིས་པའི་མ་ཟིན་དུ། ལས་གྲྭ་འཛུགས་སྐྲུན་བྱས་ནས་ནགས་ར་བཟུང་བ་ནགས་ར་དང་ནགས་ཤིང་གཞུང་བསྡུ་དང་གཞུང་སྤྱོད་བྱེད་པ་དང་འབྲེལ་བ་ཡོད་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། ཞིབ་མཆན་འགྲོ་ལུགས་གཉེར་དགོས་པ་དང་ཆབས་ཅིག་ཁེ་དབང་ཡོད་མཁན་ལ་ཁྲིམས་ལྟར་ཁ་གསབ་སྤྲོད་དགོས། ལས་གྲྭ་འཛུགས་སྐྲུན་བྱས་ནས་ནགས་ཚལ་བཟུང་རིགས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་གཞིར་བཟུང་ཤིང་འཛུགས་ནགས་བཟོ་བྱེད་དགོས། ནགས་ཚལ་དང་སྔོ་ཁེབས་སླར་གསོ་བྱེད་སྐབས་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་དེ་ནགས་ཚལ་བཟུང་བ་དང་། གཞུང་བསྡུ། གཞུང་སྤྱོད་བཅས་བྱས་པའི་ནགས་ཚལ་དང་སྔོ་ཁེབས་ཀྱི་རྒྱ་ཁྱོན་ལས་ཆུང་དུ་གཏོང་མི་ཆོག་པའི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།