ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཧིན་རྡུ་ཉི་ཞི་ཡ་རུ་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གིས་གདན་ཞུ་གནང་བ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་ཙུང་ཐུང་ཙུའོ་ཁི་ཡིས་བསྟུད་མར་ཙུང་ཐུང་འགན་བཞེས་ཁའི་མཛད་སྒོར་ཞུགས་པར་མ་ཟད་ཧིན་རྡུ་ཉི་ཞི་ཡར་མཛའ་བརྩེའི་འཚམས་འདྲི་མཛད་དེ། སོ་སོར་ཙུང་ཐུང་ཙུའོ་ཁི་དང་ཙུང་ཐུང་གཞོན་པ་ཁཱ་ལ། ཧིན་རྡུ་ཉི་ཞི་ཡའི་གསར་དུ་བདམས་པའི་ཙུང་ཐུང་གཞོན་པ་མཱ་ལུའུ་ཧྥུའུ་བཅས་ལ་མཇལ་འཕྲད་གནང་།

ཙུའོ་ཁི་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུའོ་ཁི་ཡང་བསྐྱར་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་དུ་བདམས་པའི་ཐད་བསྐུར་བའི་རྟེན་འབྲེལ་ཤིས་ཚིག་དང་། ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཅས་བརྒྱུད་སྒྲོག་བྱས། ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་བཟང་བོ་ཡིན་པ་དང་། གཉིས་ཀ་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད། ཀྲུང་གོས་ཙུང་ཐུང་ཙུའོ་ཁི་ཡིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་འབད་འཐབ་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱིས་འགོ་གཙོས་ཡཱ་ཝན་མགྱོགས་བགྲོད་ལྕགས་ལམ་ལས་གཞི་བདེ་བླག་ངང་འཛུགས་སྐྲུན་བྱེད་པར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། དེ་ཕྱོགས་གཉིས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། མ་འོངས་པའི་ལོ་ལྔའི་ནང་ཙུང་ཐུང་ཙུའོ་ཁི་ཡིས་མུ་མཐུད་དུ་ཧིན་རྡུ་ཉི་ཞི་ཡའི་འགོ་ཁྲིད་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཁཱ་ལ་དང་གྲོས་མོལ་མཛད་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ལོ་རྒྱུས་སྟེང་ནས་བལྟས་ན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀ་ཤར་ཕྱོགས་དཔལ་ཡོན་དར་བའི་རྒྱལ་ཁབ་ཀྱི་མཚོན་བྱེད་ཡིན་ལ། ཁྱད་ཆོས་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་ཡོད། དེ་རིང་བལྟས་ཡོང་ན། ཚང་མ་གསར་དར་དཔལ་འབྱོར་ཕུང་བོ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོ་རེད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་མཉམ་ལས་སྤེལ་བའི་ཐད་ནས་ས་ཁམས་དང་ལོ་རྒྱུས། རིག་གནས་ཀྱི་དགེ་མཚན་ལྡན་ལ། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། གཉིས་ཕན་མཉམ་རྒྱལ་བྱེད་པའི་མངོན་སུམ་གྱི་དགོས་མཁོ་ཡང་ཡོད། ཙུང་ཐུང་གཞོན་པ་ཁཱ་ལ་ཡིས་འགན་བསྐྱུར་རྗེས་ད་དུང་མུ་མཐུད་དུ་ཤན་ཤུགས་འདོན་སྤེལ་བྱས་ནས། སྔར་བཞིན་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་རྒྱུན་མ་ཆད་ཇེ་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

མཱ་ལུའུ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་རྡུ་ཉི་ཞི་ཡ་གཉིས་ཀས་ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་སྣེ་ཁྲིད་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལབ་དེ་ཁྱོན་ཡོངས་ནས་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་དང་ལེན་བྱས་པས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་བཟང་དུ་སོང་། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ཡིད་ཆེས་བརྟན་པོ་བཅངས་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡ་རུ་འཚམས་འདྲི་མཛད་པའི་སྐབས་སུ། ཝང་ཆི་ཧྲན་གྱིས་ད་དུང་སུའོ་ལུའོ་གྲོང་ཁྱེར་དུ་འཚམས་འདྲི་གནང་བ་དང་། ཡཱ་ཝན་མགྱོགས་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོར་ལྟ་ཞིབ་མཛད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།