ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཧེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཧེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་མཐུད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་བྱེད་པ་དང་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ལྟ་སྐུལ་བྱ་བ་དེ་འབུར་ཐོན་གོ་གནས་སུ་བཞག་ནས་སྤོབས་པ་ཆེན་པོས་ལྟ་རྟོག་བྱེད་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་པར་ལྟ་སྐུལ་དང་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲའོ་ལི་ཅི་སྔ་གཞུག་ཏུ་རྒྱ་མཚོའི་ཚན་རིག་དང་བཟོ་སྐྲུན་ཞིབ་འཇུག་ཁང་དང་ལྷོ་ཕྱོགས་ཚན་ཞིབ་གསོ་སྤེལ་རྟེན་གཞི། པོ་བོ་རྒྱལ་སྤྱིའི་སྨན་བཅོས་གནས་སྐོར་ཐོག་མའི་ལག་བསྟར་ས་ཁུལ། ཧེ་ཁུག་གྲོང་ཁྱེར་ཅང་ཏུང་ས་ཁུལ་གསར་བའི་འགྲེམ་སྟོན་ལྟེ་གནས་སོགས་ལ་ཕེབས་ཏེ། ཧི་ནན་རང་མོས་ཉོ་ཚོང་ས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཧི་ནན་ཞིང་ཆེན་དང་སན་ཡ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་སྐོར་ཞིབ་གཞུང་སྒྲུབ་ཁང་དུ་ཀྲའོ་ལི་ཅི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་བཞུགས་མོལ་བྱས། ཁོང་གིས་བསྟན་དོན། ལྟ་སྐུལ་ནི་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་དབང་ཆ་བཀོལ་སྤྱོད་ལེགས་པོ་བྱེད་པའི་རྩ་བའི་ཁག་ཐེག་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་གཞི་རྩའི་འགན་འཁྲི་དང་འགན་འཁྲི་དང་པོ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལྟ་སྐུལ་འབུར་དུ་ཐོན་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ས་གང་དུ་ལག་བསྟར་བྱེད་སྐབས་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་དགོས། ལྟ་སྐུལ་ནུས་པ་ཇེ་ཆེར་གཏོང་བ་དང་ཁྲིམས་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་ལྟར་དངོས་ཐོག་བདེན་འཚོལ་སྒོས་ལྟ་སྐུལ་བྱ་བ་ལེགས་པོར་བསྒྲུབ་དགོས། རང་ཉིད་ལྟ་རྟོག་ལ་ཤུགས་སྣོན་པ་དང་སྒྲིག་ཁྲིམས་ལག་བསྟར་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་དབང་ཆ་དེ་གཟབ་ནན་གྱི་ལྟ་སྐུལ་འོག་ཏུ་ལག་བསྟར་བཟང་བོ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།