ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོཊ་སྐབས7པ་ཝུའུ་ཧན་དུ་འགོ་ཚུཊ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས7པ་ཝུའུ་ཧན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་གནང་བ་མ་ཟད། ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས7པ་དེ་སྤྱི་ཚེས18ཉིན་གྱི་དགོང་མོ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས7པ་ནི་རང་རྒྱལ་གྱིས་སྒྲུབ་འགན་འཁུར་བའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་དམག་དོན་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། པེ་ཅིང་ཨོ་རྩལ་འགྲན་ཚོགས་འཚོགས་རྗེས་རང་རྒྱལ་གྱིས་གཉེར་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ལུས་རྩལ་རྒྱས་འཛོམས་ཤིག་ཡིན། རྒྱལ་ཁབ109ནས་ཡོང་བའི་དམག་དཔུང་གི་ལུས་རྩལ་པ9300ཡིས་འབྲི་ཆུའི་གྲོང་ཁྱེར་ཝུའུ་ཧན་དུ་འགྲན་ར་གཅིག་གི་ནང་ལུས་རྩལ་འགྲན་བསྡུར་དང་མཛའ་བཤེས་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

སྤྱི་ཚེས18ཉིན་གྱི་དགོང་མོ་གཟིགས་མོ་བ་ཁྲི་དྲུག་ཙམ་ཤོང་བའི་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ར་བ་གཙོ་བོར་མི་ཚོགས་ཀྱིས་ཁེངས་ཤིང་། དགའ་སྤྲོའི་རྦ་རླབས་འཕྱུར། ཆུ་ཚོད20ཟིན་སྐབས། གུས་ལུགས་དུང་བརྡ་གྲགས་པ་དང་བསྟུན། ཞི་ཅིན་ཕིང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕི་ཆི་ལི་ལོ་སོགས་དང་ལྷན་དུ་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་སུ་དགའ་སྤྲོ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས།

2.jpg

དར་དམར་ལྷབ་ལྷུབ་ཏུ་གཡོ་བ་ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། སྐར་ལྔའི་དར་དམར་གྱི་མཛེས་རིས་ཆེན་པོ་ཞིག་གིས་ལུས་རྩལ་ར་བ་ཡོངས་སུ་ཁེབས། དེ་རྗེས་སླར་ཡང་ཀྲུང་གོ་ཞེས་པའི་ཡིག་འབྲུ་གཉིས་ལ་གྱུར། དེ་རྗེས་གློག་འོད་དང་རོལ་དབྱངས་ཀྱི་འགྱུར་ལྡོག་དང་བསྟུན། སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ཞི་བདེའི་མཛའ་གྲོགས་སྦྲེལ་ཐག་ཅེས་པ་ཐོན་པ་དང་། ཞི་བདེའི་ཕུག་རོན་གྱི་མཛེས་རིས་ཚོགས་རའི་དཀྱིལ་དུ་ཐོན།

འགྲན་བསྡུར་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་འཐུས་ཚབ་ཚོགས་པ་རྣམས་ཧྥ་རན་སིའི་ཡི་གེའི་ཐོག་གི་རང་རྒྱལ་ཁབ་ཀྱི་མིང་གི་ཡིག་འབྲུ་དང་པོ་དེ་གཞིར་བཟུང་རིམ་བཞིན་ཚོགས་རའི་ནང་བསྐྱོད། རྒྱལ་ཁབ་མི་འདྲ་བའི་རྒྱལ་དར་རེ་རེ་ཀྲུའུ་ཞི་སྟེགས་བུའི་མདུན་ནས་བརྒྱུད་སྐབས། ས་ཡུལ་དངོས་སུ་ཡོད་པའི་གཟིགས་མོ་བས་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་ཏེ། ཐག་རིང་ནས་ཕེབས་པའི་ལུས་རྩལ་པ་ཚོར་བསུ་བ་ཞུས། སྦྱིན་བདག་རྒྱལ་ཁབ་ཀྲུང་གོའི་སྐུ་ཚབ་ཚོགས་པ་ཚོགས་རའི་ནང་བསྐྱོད་མཁན་མཇུག་ཤོས་དེ་ཡིན་ཞིང་། ལུས་རྩལ་པ་ཚོས་དམག་ཆས་གྲལ་སྟར་འགྲིག་པོ་གྱོན་པ་དང་། སྙིང་སྟོབས་ཆེར་སྐྱེད་ངང་། སྐར་ལྔའི་དར་དམར་མཐོན་པོར་བཏེགས་ནས་ཀྲུའུ་ཞི་སྟེགས་བུའི་མདུན་ནས་བསྐྱོད། ཞི་ཅིན་ཕིང་གིས་ཡར་བཞེངས་ནས་ཕྱག་གཡུག་གཡུག་གིས་གུས་ལན་གནང་བས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས། ཀྲུང་གོའི་འཐུས་ཚབ་ཚོགས་པར་ཁྱོན་མི553ཡོད་ཅིང་། སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཐོག་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་མང་ཤོས་ཀྱི་འཐུས་མི་ཚོགས་པ་ཞིག་ཡིན།

སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ། རྒྱལ་ཁའི་གླུ་དབྱངས་སྐད་གསང་མཐོ། མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་སྐད་གསངས་མཐོ་བའི་གླུ་སྒྲའི་ཁྲོད། གཟབ་སྦྲེང་དམག་མིས་ཤུགས་དང་ལྡན་པའི་གོམ་པ་སྤོ་བཞིན། ཁག་སོ་སོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་བསྣམས་ཏེ་ཚོགས་རར་ཕེབས། ཀྲུའུ་ཞི་སྟེབས་བུ་བརྒྱུད་སྐབས། གཟབ་སྦྲེང་དམག་མིས་དར་ཆ་མཐོན་པོར་འདེགས་བཞིན་གོམ་སྟབས་འགྲིག་པོས་མདུན་དུ་བསྐྱོད། རྔམ་བརྗིད་ཆེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་སྒྲའི་ཁྲོད། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ག་ལེར་ཡར་བསྒྲེངས་ཡོད། དེ་རྗེས་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལྷན་འཛིན་ལྷན་ཚོགས་ཀྱི་ཚོགས་གླུ་དཀྲོལ་གཏོང་བྱས་པ་དང་། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་ཡར་བསྒྲེངས་ཡོད།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས7པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་ཤིས་ཚིག་སྒྲོན་པ་དང་། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་སྐུ་ཚབ་གནང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པའི་ལུས་རྩལ་པ་དང་རྩལ་སློབ་པ། དེ་བཞིན་སྐུ་མགྲོན་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་ཡོད།

རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕི་ཆི་ལི་ལོས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་དམག་དཔུང་། དེ་བཞིན་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་བཅས་ནས་སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཆེད་གྲ་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལུས་རྩལ་པ་ཡོངས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་སྨོན་འདུན་ཞུས་གནང་ཡོད།

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོས་བརྙན་མཐོང་ཤིས་ཚིག་གསུངས་པའི་ནང་། སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཏག་ཏག་འཁེལ་ཡོད་པས། གོ་སྐབས་འདི་དང་བསྟུན་ནས་ཀྲུང་གོའི་མི་དམངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ལུས་རྩལ་འགྲན་ཚོགས་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་མདུན་དུ། ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་པ་ཡོན་ཞིན་ཡུའེ་དང་རྒྱལ་སྤྱིའི་རིམ་པའི་ལན་ཆིའུ་སྤོ་ལོའི་ཤན་འབྱེད་པ་ཝུན་ཁེ་མིང་ནས་ཁག་སོ་སོར་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་དང་ཤན་འབྱེད་པའི་ཚབ་གནང་སྟེ་དམ་བཅའ་བཞག་ཡོད།

ཆུ་ཚོད21ཟིན་སྐབས། ཞི་ཅིན་ཕིང་ནས་སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྟར་གྲགས།

3.jpg

མཛའ་གྲོགས་མཉམ་སྤྱོད་དང་ཞི་བདེ་མཉམ་འཛུགས་བྱེད། ཚོགས་ར་དངོས་སུ་བསྟན་པའི་སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་དྲིལ་བསྒྲགས་པར་གཞིས་སྐབས་རིམ་བྱུང་གི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གནས་ཚུལ་ལ་ཕྱིན་དྲན་བྱས་པ་མ་ཟད། ཀྲུང་གོའི་དམག་དཔུང་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་འཕེལ་རིམ་ངོ་སྤྲོད་བྱས་ཡོད་པ་རེད།

དེ་རྗེས། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ་ཞི་བདེའི་མེ་སོན་ཞེས་པའི་ཁྲོད་འགོ་ཚུགས་པ་རེད། རིག་རྩལ་འཁྲབ་སྟོན་གྱི་སྟོད་ཆ་ནི་བརྗིད་ཉམས་ཆེ་བའི་ཀྲུང་ཧྭ། གཟིམ་པ་མེད་པའི་དཔལ་འབར་ཞེས་པ་དེ་ཡིན་པ་དང་། དེ་ཤེས་དཔལ་གྱི་འོད་སྣང་དང་། ཞི་བདེའི་ལམ་བུ། རི་ཀླུང་གི་མཛེས་དཔལ། དར་གོས་ལམ་བུ། རེ་བའི་མེ་སྟག་ཅེས་པ་ལེ་ཚན་ལྔ་ལས་གྲུབ་པ་དང་། ལོ་རྒྱུས་ལ་ཕྱིར་དྲན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཧྭ་ཤ་ཡི་ཤེས་དཔལ་དང་ཀྲུང་གོའི་གནའ་རབས་ཀྱི་དམག་དོན་རིག་གནས་ཟབ་མོ་དང་། དེས་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་མཚོན་པར་བྱས་ཡོད། སྨད་ཆ་ནི་གཅིག་ལ་གཅིག་མཐུད་ཀྱིས་ལམ་བུ། མཛེས་དཔལ་མཉམ་དུ་ལོངས་སུ་སྤྱོད་ཅེས་པ་དེ་ཡིན་ཞིང་། དེ་ཞི་བདེའི་ལམ་སྟོན་དང་གནམ་ས་གསར་པ། རྒྱུད་གཅིག་ལམ་གཅིག ལས་དབང་མཉམ་གནས། ཕུག་འདུན་དཔལ་འབར་ཞེས་པ་བཅས་ལེ་ཚན་ལྔ་ལས་གྲུབ་ཡོད་ཅིང་། མི་དམངས་དམག་དཔུང་གིས་སྟོབས་དམག་གཟི་ཉམས་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་ལམ་བུའི་ཕྱོགས་སུ་བསྐྱོད་པའི་བརྗིད་ཉམས་ཀྱི་སྣང་ཚུལ་མངོན་པར་བྱས་པ་དང་། ཀྲུང་གོ་མི་དམངས་ནས་འཛམ་གླིང་མི་དམངས་དང་ལྷན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་འགྱུར་མེད་ཀྱི་ཆོད་སེམས་བརྒྱུད་སྤྲོད་བྱས་ཡོད། འཁྲབ་སྟོན་ཧྲིལ་པོ་ནི་མ་ཡུམ་ཆུ་བོ་དང་ས་སེར་གྱིས་གཞི་གདན་བྱས་ཐོག སྣ་མང་ཕུན་སུམ་ཚོགས་པའི་གློག་འོད་ཀྱིས་ཀྲུང་ཧྭ་མ་ཡུམ་གྱི་སྣང་བརྙན་བཏོད་པ་དང་། མི་རབས་ནས་མི་རབས་བར་ཀྲུང་ཧྭ་བུ་ཕྲུག་གིས་ཞི་བདེ་རེ་སྙེག་དང་ཞི་བདེར་སྲུང་སྐྱོབ་བྱེད་པའི་མཛེས་སྡུག་ལྡན་པའི་རེ་འདུན་དང་འགྱུར་མེད་ཀྱི་འབད་འཐབ་མངོན་པར་བྱས་ཡོད།

ཆུ་ཚོད22ཙམ་ལ། དཔལ་འབར་ཚོགས་རའི་ནང་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་འགོ་ཚུགས་པ་རེད། སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་སའི་ཅང་ཤི་ནན་ཁྲང་ནས་དཔལ་འབར་བླངས་པ་དང་། སྔ་རྗེས་སུ་གྲོང་ཁྱེར་དང་དམག་སྒར་དུ་བརྒྱུད་སྤྲོད་བྱས་ཏེ་མཐའ་མར་ཝུའུ་ཧན་ལུས་རྩལ་ལྟེ་གནས་སུ་འབྱོར་ཡོད།

སྐྱེ་བོ་ཀུན་གྱིས་སྤྱན་གཟིགས་གནང་བའི་འོག ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་དང་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ནང་སྐྱེས་པའི་མི་སྒེར་གྱི་བྱ་དགའ་ཨང་དང་པོ་ལེན་མཁན་ཝང་ཧའོ་དང་། ཚ་ཁའི་འགྲན་བསྡུར་ནང་འཛམ་གླིང་གི་ཨང་དང་པོ་ཐེངས25ལེན་མཁན་ཅིན་ཡུང་ཏེ། རྒྱལ་སྤྱིའི་དམག་མིའི་ལུས་རྩལ་འགྲན་བསྡུར་གྱི་དམག་དོན་རྣམ་གྲངས་ལྔའི་ནང་བྱ་དགའ་ཨང་དང་པོ་ཐེངས10ལེན་མཁན་ཝང་ཐང་ལིན། ཨོ་རྩལ་འགྲན་ཚོགས་ཆུ་རྐྱལ་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་བླངས་པ་མ་ཟད་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་གཏོད་མཁན་ཅའོ་ལིའུ་ཡང་། འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་བྱ་དགའ་ཨང་དང་པོ་ལེན་མཁན་ཀྲུང་གོའི་བུད་མེད་ཀྱི་རུ་མི་ཡང་ཅུན་ཆིང་། ཨེ་ཤ་ཡའི་རྐང་རྩེད་སྤོ་ལོའི་རྩེར་སོན་བུད་མེད་ཀྱི་མཚན་སྙན་ཐོབ་མཁན་ཝུའུ་ཧན་ནས་ཡིན་པའི་བུད་མེད་ལུས་རྩལ་པ་ཝང་ཧྲོང་། ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་ཚབ་ཀྱི་ཚོགས་དར་ཐེངས་གཉིས་འཁྱེར་མཁན་གྱི་ལིའུ་ཡུས་ཏུང་སོགས་མི་བདུན་གྱིས་དཔལ་འབར་མཐོན་པོར་བཏེགས་ནས་འཁྱེར་ཡོང་། ཚོགས་ར་ཡོངས་ཀྱི་གཟིགས་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དཔལ་འབར་བརྒྱུད་སྤྲོད་བྱས་ཡོད་པ་རེད།

3.jpg

ལུས་རྩལ་ཐང་གི་ཟུར་ཞིག་ཏུ་ཞི་སྒྲོན་ཞེས་པའི་དཔལ་འབར་གྱི་སྟེགས་བུ་འགྱིང་ངེར་གནས་ཡོད་པ་རེད། བུ་མོ་ཆུང་ཆུང་ཞིག་གིས་ཞི་བདེ་ཞེས་པའི་ཡིག་འབྲུ་གཉིས་འཁོད་པའི་པང་གཅལ་ཞིག་ས་ངོས་སུ་བཞག་པ་དང་བསྟུན་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་གྲགས་པ་དང་། དཔལ་འབར་སྟེགས་བུའི་ཐོག་བསྐྱོད་པའི་སྐས་འཛེགས་ཁྲ་ཆིལ་དུ་གྱུར་ཡོད། དེ་རྗེས་དཔལ་འབར་འཁྱེར་མཁན་ལིའུ་ཡུས་ཏུང་གིས་དཔལ་འབར་སྟེགས་བུའི་གཤམ་འོག་ཏུ་ཕེབས་ནས་ཚོགས་ར་ཡོངས་ཀྱི་གཟིགས་མོ་བར་ཕྱག་གཡུག་གཡུག་གནང་ནས་གུས་ལན་འཇལ་བ་མ་ཟད། དཔལ་འབར་སྟེགས་བུའི་ཐོག་གི་དཔལ་འབར་སྒྲོན་ཡོད་པ་རེད། དཔལ་འབར་དེ་ནི་རྒྱུད་གཅིག་ལམ་གཅིག་གི་སྟེགས་བུའི་ཐོག་ནས་གླིང་ལྔའི་གཟུགས་ཀྱི་སྟེགས་བུའི་ཐོག་ལྷབ་ལྷུབ་ཏུ་འབར་ཡོད་པ་རེད།

གཞས་ཚིག་ནང་། མུ་མེད་རྒྱ་མཚོའི་ཆུ་བྱ་བྱེ་ཕུང་ཐོག་སེམས་ལྷོད་པོར་ངལ་གསོ་ཐུབ་པ་དང་། མེ་སྒྱོགས་གི་འུར་སྒྲ་ནམ་ཡང་མི་གྲགས་པའི་ཆེད། ངས་རྣོ་ངར་གྱི་རལ་གྲི་ཐོང་གཤོལ་ལ་བསྒྱུར། ངས་མེ་མདའ་ཡི་ཁ་འཁྱོག་པོར་གཏོང་ཞེས་འཁོད་པའི་ཞི་བདེའི་མེ་སོན་ཞེས་པའི་བརྗོད་བྱ་གཙོ་བོའི་གླུ་གཞས་ཀྱི་འཁྲུག་ཆ་དོད་པའི་འགྱུར་ཁུག་ཁྲོད་འཛམ་གླིང་དམག་མིའི་ལུས་རྩལ་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་བདེ་བླག་ངང་མཇུག་སྒྲིལ་ཡོད་པ་རེད།

རྒྱལ་ཁབ42ནས་ཕེབས་པའི་འགོག་སྲུང་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

འཛམ་གླིང་དམག་མིའི་ལུས་རྩལ་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་འཛམ་གླིང་དམག་མིའི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུར་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་དམག་དོན་རྣམ་གྲངས་ལྔ་དང་། མཚོ་དམག་རྣམ་གྲངས་ལྔ། མཁའ་དམག་རྣམ་གྲངས་ལྔ། གནས་གཏན་འཁེལ་གྱི་ཐང་བསྐྱོད། གདུག་མཆོངས་སོགས་རྣམ་གྲངས་ཆེ་གྲས27དང་རྣམ་གྲངས་ཆུང་གྲས329ཡོད་ཅིང་། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས7པ་དེ་སྤྱི་ཟླ10པའི་ཚེས27ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།