ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་དཔོན་པོ་གཙོ་བོ་བཅས་ལ་མཇལ་འཕྲད་གནང་།

1.jpg

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧྭན་ནས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་རྒྱལ་ཁབ་སོ་སོའི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་དཔོན་པོ་གཙོ་བོ་བཅས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཝུའུ་ཧྭན་ནས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་རྒྱལ་ཁབ་སོ་སོའི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་དཔོན་པོ་གཙོ་བོ་བཅས་ལ་མཇལ་འཕྲད་གནང་བ་དང་། ཀྲུང་གོ་དང་སྲིད་གཞུང་དང་ཀྲུང་གོ་མི་དམངས། ཀྲུང་གོའི་དམག་དཔུང་གི་ཚབ་བྱས་ནས་བྱ་འགུལ་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་དཔོན་པོ། རྒྱལ་ཁབ་སོ་སོའི་ལུས་རྩལ་པའི་འཐུས་མི་བཅས་ལ་དགའ་བསུ་བྱས།

ཞི་ཅིན་ཕིང་གིས་གསུང་རྒྱུར། དེ་རིང་། ང་ཚོས་ཝུའུ་ཧྭན་ནས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་བསྡུས་པ་དང་། རྒྱལ་ཁབ་བརྒྱ་ལྷག་གི་དམག་མི་ཁྲི་ཡས་མས་ཝུའུ་ཧྭན་དུ་འཛོམས་ནས། མཉམ་དུ་བརྗེ་རེས་དཔེ་ལྟ་ཡི་ལེའུ་གསར་བ་བྲིས། ལུས་རྩལ་ནི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཡིན་ལ། མི་གཞུང་བརྗེ་རེས་ཀྱི་གྲུབ་ཆ་གལ་ཆེན་ཡིན། དམག་མི་དང་ལུས་རྩལ་གཉིས་བར་རང་བྱུང་གི་འབྲེལ་འདྲིས་ཡོད་ལ། མེ་འདའ་རྒྱག་པ་དང་མཱ་ལ་སུང་རྒྱང་རྒྱུག་སོགས་ལུས་རྩལ་རྣམ་གྲངས་མང་པོ་དམག་དོན་ལས་བྱུང་བ་ཡིན། དམག་དོན་ལུས་རྩལ་གྱིས་དཔོན་དམག་གི་ལུས་ཕུང་བདེ་ཐང་ཡོང་བར་བྱེད་པ་དང་དམག་མིའི་སེམས་ཤུགས་སྐྱེད། དམག་མིའི་སྣང་བརྙན་འགྲེམ་སྟོན། དམག་དཔུང་བར་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་ཐུབ་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དམག་དཔུང་གིས་ནམ་ཡང་དམག་དོན་ལུས་རྩལ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དམག་དོན་ལུས་རྩལ་བྱ་འགུལ་རྒྱ་ཆེར་སྤེལ་ལ། རྒྱལ་སྤྱིའི་དམག་དོན་ལུས་རྩལ་འགྲན་བསྡུར་ལ་ཧུར་ཐག་གིས་ཞུགས་པ་དང་། ལྷག་པར་དུ1978ལོར་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ལ་ཞུགས་པའི་ཚུན་ནས། ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དང་དམག་དོན་ལུས་རྩལ་བྱ་འགུལ་བསྒྲུབ་པ། མཉམ་ལས་བརྗེ་རེས་སྤེལ་ནས། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་དོན་ཁྲོད་རང་འགུལ་སྒོས་ཞུགས་མཁན་དང་འཛུགས་སྐྲུན་མཁན། བྱས་རྗེས་འཇོག་མཁན་དུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་དེ་ཞི་བདེ་ལ་རྗེས་དྲན་བྱེད་ཆེད་བྱུང་བ་ཡིན་ལ། མཛའ་བརྩེ་བརྒྱུད་སྒྲོག་བྱེད་པར་བརྟེན་ནས་གོང་འཕེལ་དུ་སོང་ལ། ད་ལྟ་རྒྱལ་ཁབ་སོ་སོའི་དམག་དཔུང་གི་སྣང་བརྙན་འགྲེམ་སྟོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཤན་ཤུགས་ཇེ་ཆེར་གཏོང་བའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་པ་དང་། དམག་མིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཚན་སྙན་ཐོབ་ཡོད་ཅིང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་དོ་སྣང་དང་དགའ་བསུ་ཐོབ་ཡོད། 2015ལོའི་ཟླ་ལྔ་བར་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་བསྡུ་རྒྱུའི་རེ་ཞུ་ལ་ཆོག་མཆན་ཐོབ་པའི་ཚུན་དུ། ཀྲུང་གོ་སྲིད་གཞུང་དང་དམག་དཔུང་གིས་ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། འཛམ་གླིང་མིག་རྒྱ་དང་ཨོ་ལིན་ཕིག་གི་བསམ་ཕྱོགས། ཀྲུང་གོའི་ཁྱད་ཆོས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས། སྐབས་འདིའི་འགྲན་ཚོགས་ཀྱིས་དམངས་མིའི་གཟི་བརྗིད་བསྐྲུན་པ་དང་འཛམ་གླིང་ཞི་བདེ་རུ་གཏོང་བའི་བརྗོད་དོན་འབོད་ཚིག་ཕྱིར་བཏོན་པ་ནི། རྒྱལ་ཁབ་སོ་སོའི་འགྲན་ཞུགས་ལུས་རྩལ་པས་དཀའ་སྤྱད་འབད་འཐབ་ཀྱི་ལུས་རྩལ་སྙིང་སྟོབས་འགྲེམ་སྟོན་གང་ལེགས་བྱེད་པ་དང་། མཛའ་བརྩེའི་ཟམ་ཐག་སྤྱད་དེ་དཔལ་ཡོན་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། མི་སེམས་གཅིག་ཏུ་འདྲེས་པར་བརྟེན་ནས་ཞི་བདེའི་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུའི་རེ་བ་བཅངས་ཡོད། ང་ཚོས་ཧུར་ཐག་གིས་སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་དེ་རྒྱལ་ཁབ་སོ་སོའི་དམག་མིས་འདྲ་མཉམ་སྒོས་རྩལ་འགྲན་བྱེད་པའི་ཞི་བདེའི་འདུ་འཛོམས་དང་རྒྱལ་ཁབ་སོ་སོས་དམག་དོན་རིག་གནས་བརྗེ་རེས་དཔེ་ལྟ་བྱེད་པའི་རྒྱལ་སྤྱིའི་གསོལ་སྟོན་ཆེན་པོ་ཞིག་ཏུ་བསྒྲུབ་དགོས་ཟེར།

ཞི་ཅིན་ཕིང་གིས་གསུང་རྒྱུར། ཀྲུང་གོའི་དམག་དཔུང་གིས་སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བརྩིས་ནས། རྒྱལ་སྤྱིའི་དམག་དོན་མཉམ་ལས་དང་གསར་གཏོད་འཕེལ་རྒྱས་ལ་རྒྱུན་མ་ཆད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོའི་དམག་དཔུང་བར་གྱི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་འགན་འཁྲི་འོས་འགན་ལག་བསྟར་བྱེད་པ། མཉམ་དུ་ཐུན་མོང་གི་བདེ་འཇགས་འཇིགས་སྐུལ་དང་འགྲན་རྩོད་ལ་ཁ་གཏད་འཇལ་ནས། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པ་དང་རྒྱལ་སྲུང་དཔོན་པོ་ཏིས་པན་དང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕིས་ཆི་ལིས་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་བཅས་ཀྱི་ཚབ་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཚོར་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས། ཁོ་ཚོས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དང་སྲིད་གཞུང་དང་ཀྲུང་གོའི་དམག་དཔུང་གིས་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ཐད་བྱས་རྗེས་གལ་ཆེན་བཞག་པར་བསྔགས་བརྗོད་མཐོན་པོ་བྱེད་ཀྱིན་ཡོད་ལ། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་གྲ་སྒྲིག་བྱ་བ་བསྒྲུབ་པ་ཧ་ཅང་བཟང་བ་དང་། ཐེངས་འདིའི་འགྲན་ཚོགས་བདེ་བླག་ངང་བསྒྲུབ་པའི་སྨོན་འདུན་ཞུས་པ་ཡིན།  ཕྱོགས་སོ་སོས་ཀྲུང་གོའི་བར་གྱི་དམག་དོན་ལུས་རྩལ་ནང་དུ་འདུ་བའི་འགོག་སྲུང་ལས་དོན་དང་དམག་དོན་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་ས་ཁུལ་དང་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐུལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཇལ་འཕྲད་སྔོན་དུ། ཞི་ཅིན་ཕིང་གིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་ཁབ་སོ་སོའི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་དཔོན་པོ་གཙོ་བོ་བཅས་དང་མཉམ་དུ་འདྲ་པར་བླངས།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དང་། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྤྱིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིང་ཞུའེ་ཞང་བཅས་ཀྱིས་མཉམ་དུ་མཇལ་འཕྲད་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།