ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཐི་ཐུའུ་ལི་གཱ་གཉིས་ཀྱིས་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་མོང་གོལ་གཉིས་ནི་རི་ཆུ་གཅིག་ཏུ་འདྲེས་པའི་ཁྱིམ་མཚེས་བཟང་བོ་ཡིན་པ་དང་། མོང་གོལ་ནི་ཆེས་ཐོག་མར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་མཛའ་བརྩེ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་ཁྱིམ་མཚེས་བར་གྱི་མཛའ་བརྩེ་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་མང་པོ་བསྐྲུན། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱིས་ཐུན་མོང་འབད་འཐབ་འོག ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་མྱུར་བགྲོད་ལམ་བུ་རུ་ཞུགས་པ་དང་། མི་ཡོངས་དགའ་འོས་པའི་རྣམ་པ་གསར་བ་མངོན། ངས་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། པཱ་ཐི་ཐུའུ་ལི་གཱ་དང་མཉམ་དུ་ཀྲུང་གོ་དང་གོང་མོལ་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བ།  འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དེ་འགོ་ཚུགས་ས་གསར་བར་བྱས་ཏེ། རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་པར་འབད་འཐབ་བྱེད་དགོས་ཟེར།

པཱ་ཐི་ཐུའུ་ལི་ཀ་ཡིས་གློག་འཕྲིན་ནང་བསྟན་དོན། མོང་གོལ་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་སྟེང་། ཕྱོགས་གཉིས་ཀྱིས་ལོ་ངོ་བདུན་ཅུའི་འགྲོ་འོང་གྲུབ་འབྲས་ལ་སྤྱི་སྡོམ་བྱེད་པ་མ་ཟད། མ་འོངས་པའི་མཉམ་ལས་ཀྱི་ཡུན་རིང་ཁ་ཕྱོགས་ཐད་ནས་རིམ་པ་མཐོ་བའི་གྲོས་སྡུར་དང་འཆར་འགོད་བྱས་པ་དེར། མོང་གོལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མིག་སྔར་མོང་གོལ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་ཁྱབ་ཁོངས་སོ་སོ་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། རང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབད་འཐབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལི་སུའུ་ཧི་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།