ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ10བའི་ཚེས13ཉིན། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ70འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དུང་ཕྱུར་མང་པོ་དང་ཏང་གི་ན་གཞོན་བྱིས་པའི་བྱ་གཞག་ལ་དཀའ་སྤྱད་སྒྲུབ་མཁན་གྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ70ཡི་རིང་། ཏང་གི་འགོ་ཁྲིད་འོག་ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་སློབ་གསོ་དང་། རང་བརྟེན་སློབ་གསོ། ལག་ལེན་སློབ་གསོ་བཅས་གཅིག་གྱུར་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་བྱས་རྗེས་གལ་ཆེན་ཕུལ་ཡོད།

ཞི་ཅིན་ཕིང་གིས་ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་དང་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲ་སྒྲིག་རུ་ཁག་ཅིག་ཡིན་དགོས། དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་མི་དམངས་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན། ཕུགས་བསམ་ཆེན་པོ་འཆིང་བ་དང་། ཀུན་སྤྱོད་བཟང་པོ་གསོ་སྐྱོང་། ཤེས་བྱ་སྦྱོང་བརྡར། ལུས་ཕུང་བདེ་ཐང་ལ་སྦྱོང་བརྡར།  ངལ་རྩོལ་གྱི་སྙིང་སྟོབས་གསོ་སྐྱོང་། ལོ་ཆུང་གདོང་ལེན་ནས་འཚར་ལོངས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བར་འབད་བརྩོན་བྱ་དགོས་ཞེས་བསྟན།

ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གསར་འཛུགས་དང་འགོ་ཁྲིད་བྱེད་པ་མ་ཟད། གུང་གཞོན་ཚོགས་པའི་ཐད་ཀར་འགོ་ཁྲིད་བྱེད་པའི་ཀྲུང་གོའི་ལོ་ཆུང་བྱིས་པའི་ཚོགས་པའི་རྩ་འཛུགས་ཤིག་ཡིན། 1949ལོའི་ཟླ10བའི་ཚེས13ཉིན་བཙུགས་པ་ནས་བཟུང་། ལོ་ཆུང་གདོང་ལེན་རུ་ཁག་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་རྩེ་གཅིག་ཏུ་དམིགས་པ། ལོ་ཆུང་བྱིས་པའི་དུས་རབས་ཀྱི་ཁྱད་ཆོས་ལ་དམིགས་ནས་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བྱེད་སྒོ་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱས་ཡོད། མིག་སྔར་རྒྱལ་ཡོངས་སུ་ལོ6ནས14བར་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དུང་ཕྱུར1.3ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།