ཀྲུང་གོ་བོད་ཀྱི་དྲ་བ།

ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མི་ཞིག་ལ་མཱ་ལིའི་བྱང་ཤར་ས་ཁུལ་ནས་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པའི་མགྲིན་ཚབ་པ་སཱ་ཨར་ཅཱ་ཏའོ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྐོར་གཡེང་རླངས་འཁོར་རུ་ཁག་ཅིག་ལ་ཉིན་དེར་མཱ་ལིའི་བྱང་ཤར་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞིར་རྨས་ཕོག་ཡོད་ཟེར། 

    སཱ་ཨར་ཅཱ་ཏའོ་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ཚེས་དྲུག་ཉིན་གྱི་སྔ་དྲོར་བྱུང་བ་དང་། འཇབ་རྒོལ་ཐེབས་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རླངས་འཁོར་རུ་ཁག་གིས་སྐབས་ཐོག་དེར་མཱ་ལིའི་བྱང་ཤར་ཕྱོགས་ཀྱི་ཨ་ཀའེ་ལོ་ཁི་གྲོང་རྡལ་ཉེ་འདབས་སུ་སྐོར་གཡེང་བྱེད་བཞིན་ཡོད་ཟེར། ཁོས་ཤི་རྨས་ཐེབས་པའི་དམག་མི་དག་རྒྱལ་ཁབ་གང་གི་ཡིན་ པ་གསལ་བོར་བརྗོད་མེད། 

    སཱ་ཨར་ཅཱ་ཏའོ་ཡིས་ད་རུང་བསྟན་དོན། མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་གནས་སྐབས་དམག་སྒར་ཞིག་ལའང་ཚེས་དྲུག་ཉིན་གྱི་ཞོགས་པར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཀྱང་མི་སྣར་ཤི་རྨས་ཐེབས་མེད་ཟེར། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།