རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་ཡང་ན་འཕྲིན་ཡིག་བསྐུར་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་ཡང་ན་འཕྲིན་ཡིག་བསྐུར་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

བྷང་ག་ལའི་ཙུང་ཐུང་ཧ་མུས་ཏི་ཡིས་བཤད་རྒྱུར། ཀྲུང་གོ་མི་དམངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་དང་། མཛའ་མཐུན་ལྡན་པའི་ཀྲུང་གོ་མི་དམངས་འཆམ་མཐུན་མཉམ་གནས་དང་ཡར་ཐོན་དར་རྒྱས་ཡོང་བར་སྨོན་འདུན་ཞུ་བར་མ་ཟད། བྷང་ག་ལ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བདག་ལ་ཡིད་ཆེས་ཡོད་ཟེར།

ལེ་པ་ནོན་གྱི་ཙུང་ཐུང་ཨོ་ཨུན་གྱིས་བཤད་རྒྱུར། ཀྲུང་གོས་སྤྱད་པའི་ཕྱི་འབྲེལ་སྲིད་ཇུས་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རེ་སྒུག་བྱེད་པ་དང་མཐུན་ལ། རྒྱལ་ཁབ་སོ་སོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པར་ལེ་པ་ནོན་ཕྱོགས་ཀྱིས་དེ་ལ་གཟེངས་བསྟོད་ཚད་མཐོན་པོ་བྱས་པ་ཡིན་ཟེར།

ཡེ་མེན་གྱི་ཙུང་ཐུང་ཧ་ཏིས་ཀྱིས་བཤད་རྒྱུར། ཀྲུང་གོས་ཁྱབ་ཁོངས་སོ་སོ་ནས་རླབས་ཆེན་གྲུབ་འབྲས་བླངས་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེས་མིའི་རིགས་ལ་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཨ་ཨར་མ་ཀི་ལོ་ཡིས་བཤད་རྒྱུར། ཀྲུང་གོ་མི་དམངས་ཀྱིས་མ་འོངས་པའི་ལོ་ཟླའི་ནང་ཞི་བདེ་དང་དར་རྒྱས་ལོངས་སུ་སྤྱོད་པར་སྨོན་འདུན་ཞུ་བར་མ་ཟད་མུ་མཐུད་དུ་ཀྲུང་གོའི་གྲོགས་པོའི་འབྲེལ་བར་ཤུགས་བསྣན་ནས། ལ་ཏེན་མེ་གླིང་དང་ཅ་ལེ་པུས་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

འཛམ་གླིང་དངུལ་ཁང་གི་འགོ་གཙོ་མ་ཨར་ཕ་སི་ཡིས་བཤད་རྒྱུར། ཀྲུང་གོ་མི་དམངས་བདེ་སྐྱིད་དང་ཞི་བདེ། དར་རྒྱས་བཅས་ཡོང་བར་སྨོན་འདུན་ཞུ་བ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏི་སེ་ཡིས་བཤད་རྒྱུར། ལོ་ངོ་བདུན་ཅུའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་ཀྱི་བདེ་ཐང་དང་འཚོ་བ་མཐོར་འདེགས་ཆེན་པོ་བྱུང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་ཁྱབ་ཁོངས་སུ་འགོ་ཁྲིད་ཀྱི་ནུས་པ་བཏོན་པར་གཟེངས་བསྟོད་བྱེད་པ་དང་། ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།