ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་ཡང་ན་འཕྲིན་ཡིག་བསྐུར་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་ཡང་ན་འཕྲིན་ཡིག་བསྐུར་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

འཇར་པན་གྱི་གནམ་བསྐོས་གོང་མ་ཏི་རིན་གྱིས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བར་མ་ཟད་ཀྲུང་གོ་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུ་བ་ཡིན་ཟེར།

འབར་མའི་ཙུང་ཐུང་ཝུན་མེན་གྱིས་བཤད་རྒྱུར། འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བར་དུ་མཛའ་མཐུན་འབྲེལ་བ་དང་མཉམ་ལས་འབྲེལ་བ་དམ་པོ་ཆགས་ཡོད་པ་དང་།  ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྤྱི་ཁོག་ནང་དུ་མུ་མཐུད་ནས་མཉམ་ལས་བཟང་བོ་བྱེད་ངེས་ཡིན་ཟེར།

མ་ལེ་ཞི་ཡའི་ཆེས་མཐོའི་འགོ་གཙོ་ཨ་པུའུ་ཏུའུ་ལ་ཡིས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་རླབས་ཆེན་གྲུབ་འབྲས་ལེན་པ་དང་། མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཨ་ཧྥུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་བཤད་རྒྱུར། ཨ་ཧྥུ་ཧན་དང་ཀྲུང་གོས་དུས་ཡུན་རིང་བོར་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་རོགས་རམ་བྱས་པས་མཛའ་བཤེས་ཟབ་མོ་ཆགས་ཡོད། ཨ་ཧྥུ་ཧན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་ངེས་ཡིན་ཟེར།

པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་ཡིས་བཤད་རྒྱུར། པི་ལི་ཧྲི་ཡིས་པི་ལི་ཧྲི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་ཟབ་མོ་དང་མཉམ་ལས་དམ་པོ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ཡོངས་བདེ་སྐྱིད་སྟོབས་འབྱོར་ལྡན་པར་ལྷག་བསམ་རྣམ་དག་སྒོས་སྨོན་འདུན་ཞུ་བ་ཡིན་ཟེར།

ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་ས་ཡིས་བཤད་རྒྱུར། ཕུའུ་ཐའོ་ཡ་དང་ཀྲུང་གོ་བར་དུ་མཛའ་མཐུན་དང་ཡིད་ཆེས། མཉམ་ལས་སོགས་ཀྱི་འབྲེལ་བ་དམ་པོར་སྦྲེལ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕུའུ་ཐའོ་ཡ་དང་ཀྲུང་གོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།