ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས། ​

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གློག་འཕྲིན་ནང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་ཆེན་པོ་དང་མཛའ་མཐུན་ཁྱིམ་མཚེས། གཉིས་ཕན་མཉམ་རྒྱལ་གྱི་དཔེ་སྟོན་དུ་གྱུར། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་མཉམ་དུ་སྣེ་ཁྲིད་བྱས་འོག ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ཞིང་ཕན་ཚུན་ལ་ཆབ་སྲིད་བརྟན་པོའི་རྒྱབ་སྐྱོར་གནང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་སྔར་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་འབྲེལ་འདྲིས་དང་རོགས་ལས་དམ་པོ་བྱས། བདག་གིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ་སོ་སྲུང་རོགས་རེས་དང་མཉམ་བསྲེས་ཟབ་མོ་བྱེད་པ་དང་། ཀུན་ཕན་མཉམ་རྒྱལ་གྱི་ཕྱོགས་གཉིས་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྣེ་ཁྲིད་བྱེད་པར་མ་ཟད་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཕུའུ་ཅིན་གྱིས་གློག་འཕྲིན་ནང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་ཆབ་སྲིད་གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་པར་གྱུར་བར་མ་ཟད་མུ་མཐུད་དུ་རྒྱ་ཆེར་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་སྣ་མང་རྩ་འཛུགས་ཀྱི་སྤྱི་ཁོག་ནང་དུ་རོགས་ལས་དམ་པོ་བྱས་ཤིང་། མཉམ་ཤུགས་ལ་བརྟེན་ནས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་པར་སྐུལ་འདེད་བཏང་། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་དུ་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་ཀྱང་ཕན་ཚུན་ལ་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཨུ་རུ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་མགོ་ཚུགས་ས་བྱས་ཏེ། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ། མཉམ་ལས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱེད་པར་ཤུགས་སྣོན་པ། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ས་གནས་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་གོང་འཕེལ་ཐད་ལ་རོགས་འདེགས་ཆེན་པོ་བྱེད་འདོད་ཡོད་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྔར་མེད་ཀྱི་ཆུ་ཚད་མཐོ་བར་བསླེབས་པ་དང་། ནུས་ཁུངས་དང་བཟོ་ལས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས། ཚན་རྩལ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་གལ་ཆེན་བདེ་བླག་ངང་ལག་བསྟར་བྱས་པར་མ་ཟད་དངོས་གཉེར་དང་མི་གཞུང་བརྗེ་རེས་མཉམ་ལས་རྒྱུན་མཐུད་སྒོས་སྤེལ་བཞིན་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག  རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྒུལ་ཤུགས་གསར་བ་སྣོན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།