ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོ་བྱ་འགུལ་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་ཕེབས་ཏེ། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་རྒྱལ་སྟོན་དུས་ཆེན་ལ་རོལ།
ཉིན་དེའི་དགོང་མོའི་དུས་ཚོད་བཅུ་དགུ་དང་སྐར་མ་ང་བདུན་གྱི་སྟེང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་གི་ཀྲུའུ་ཞིའི་སྟེགས་བུར་ཕེབས་ཏེ་ཡུལ་དངོས་ཀྱི་མང་ཚོགས་རྣམས་ལ་ཕྱག་བརྡ་བཏང་ནས་གུས་འདུད་ཞུས་པས། ཡུལ་དངོས་ཡོངས་སུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས།
དུས་ཚོད་ཉི་ཤུ་སྟེང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི་ཡིས་མཉམ་སྤྲོ་བྱ་འགུལ་འགོ་བརྩམས་པ་ཁྱབ་སྒྲོག་བྱས། མཉམ་སྤྲོ་བྱ་འགུལ་དེ་ལེའུ་བཞི་རུ་བགོས་ཡོད་དེ། བརྗོད་དོན་འཁྲབ་སྟོན་དང་ལྟེ་གནས་མཉམ་སྤྲོ་འཁྲབ་སྟོན། མང་ཚོགས་མཉམ་སྤྲོ། ཚོན་ལྡན་ཤོག་སྦག་གཏོང་བ་བཅས་ཀྱིས་གྲུབ་ཡོད།
དུས་ཚོད་ཉེར་གཅིག་དང་སྐར་མ་སུམ་ཅུའི་སྟེང་མཉམ་སྤྲོ་བྱ་འགུལ་ཡོངས་སུ་མཇུག་རྫོགས་རྗེས། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སྔར་བཞིན་སྤྲོ་སྐྱིད་དང་དགའ་འཛོམས་ཀྱི་རྣམ་པས་ཡོངས་སུ་ཁེངས་འདུག
པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་ལས་ཁུངས་སོ་སོའི་འགན་འཁུར་བ་དང་བློ་མཐུན་རྒན་པའི་འཐུས་མི། པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱི་སྡོད་རང་མིའི་འཐུས་མི། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་པེ་ཅིན་དུ་ཡོད་པའི་ཨུ་ཡོན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སོགས་དང་རྒྱལ་སའི་ལས་རིགས་སོའི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་སོགས་མཉམ་སྤྲོ་བྱ་འགུལ་ལ་ཞུགས།
པེ་ཅིན་དུ་ཡོད་པའི་ཕྱི་རྒྱལ་གྱི་མགྲོན་པོ་དང་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ། ཕྱི་རྒྱལ་གྱི་ཆེད་མཁས་པ་སོགས་གདན་དྲངས་པ་ལྟར་མཉམ་སྤྲོ་བྱ་འགུལ་ལ་ཞུགས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོ་བྱ་འགུལ་དེ་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བསྡུས།